ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་འགན་ནུས་ལ་བརྟེན་ནས་རྨ་ཆུ་སྲུང་སྐྱོང་བྱས་པ།
གསར་འགོད་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་2པ་ནས་2025ལོའི་ཟླ་1པོ་བར། རྨ་ཆུའི་་རྒྱུད་ཀྱི་ཞིང་ཆེན(ཆུས)9ཡི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ས་ཆུ་ཤོར་བ་བཅོས་སྐྱོང་། འབྲུབ་འགོག་བདེ་འཇགས། བཟོ་ལས་སྦགས་བཙོག་དང་གཏེར་རིའི་སྐྱེ་ཁམས་བཅོས་སྐྱོང་། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། སྤྱི་ཕན་གཏུག་བཤེར་2719གྱོད་དོན་ཐོ་འགོད་བྱས་ནས་སྒྲུབ་གཉེར་དང་། ཞིབ་དཔྱོད་གྲོས་འགོ་2341བཟོས་ནས་བཀྲམ་པ། གྱོད་གཞི་125གཞུང་གཏུག་བཅས་བྱས་ཏེ་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོས་ཤིང་སྤྱི་ཕན་ལ་གནོད་སྐྱོན་བཏང་བའི་གནད་དོན་མངོན་གསལ་དོད་པོ་ཁག་གཅིག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
ཞིབ་དཔྱོད་དང་གྱོད་སྒྲུབ་བྱས་པ་བརྒྱུད། རྨ་ཆུ་རྒྱུག་ཁུལ་གྱི་ཁེ་ལས་ཁག་གཅིག་གི་སྦགས་བཙོག་འགོག་བཅོས་སྒྲིག་བཀོད་དང་ཁོར་ཡུག་ལྟ་འདོམས་སོགས་སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ཀྱི་བླང་བྱའི་ཚད་གཞི་ལོན་མེད་པ་དང་། བཙོག་ཆུ་གཙང་གསིང་བཟོ་གྲྭས་ཚད་བརྒལ་བཙོག་འབུད་བྱས་པ་དང་ཟོག་རོ་མཁྲེགས་པོའི་ཐག་གཅོད་ལས་གྲྭ་བླང་བྱ་ལྟར་ལག་ལེན་བསྟར་མེད་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་བསྡོམས་སྤྱི་ཕན་གཏུག་བཤེར་503གྱོད་དོན་ཐོ་འགོད་བྱས་ནས་སྒྲུབ་གཉེར་དང་། ཞིབ་དཔྱོད་ཀྱི་གྲོས་འགོ་368བཟོས་ནས་བཀྲམ་པ། གྱོད་གཞི་48གཞུང་གཏུག་བཅས་བྱས་ཏེ་བཟོ་ལས་སྦགས་བཙོག་མཐུན་སྦྱོར་བཅོས་སྐྱོང་དང་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།