རང་རྒྱལ་གྱི་རླུང་གློག་འོད་ཤུགས་འཕྲུལ་འཁོར་གྱི་གློག་འདོན་ཚད་མེ་ཤུགས་གློག་གཏོང་ལས་ཐོག་མར་བརྒལ་བ།
ཞིང་ཆེན་31གི་སོལ་གློག་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་50%མན་ཆག་པ།
ཉེ་ཆར་གསར་འགོད་པས་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱས་པར། དུས་ཚིགས་དང་པོར་རང་རྒྱལ་གྱི་རླུང་གློག་འོད་ཤུགས་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་རྩིས་བརྒྱབ་ན་ཆན་ཝ་ཁྲི་7433གསར་དུ་འཕར་བ་དང་། རིམ་རྩིས་བརྒྱབ་ན་ཆན་ཝ་དུང་ཕྱུར་14.82ཟིན་ནས་མེ་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་14.51ལས་ཐོག་མར་བརྒལ་ཡོད། འབྱུང་འགྱུར་རླུང་གློག་འོད་ཤུགས་འཕྲུལ་འཁོར་རྒྱུན་མཐུད་མགྱོགས་པོ་འཕར་ནས་མེ་ཤུགས་གློག་གཏོང་ལས་བརྒལ་བ་རྒྱུན་རྣམ་ཞིག་ཏུ་འགྱུར་རྒྱུ་རེད།
དུས་ཚིགས་དང་པོར། རླུང་གློག་འོད་ཤུགས་ཀྱིས་ཁྱོན་བསྡོམས་གློག་འདོན་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་5364ཟིན་པ་དེས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ནང་བཟུང་བའི་བསྡུར་ཚད་22.5%ཟིན་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.3མཐོ་རུ་ཕྱིན་པ་དང་། འགྱུར་རྡོ་མིན་པའི་ནུས་རྒྱུའི་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད་39.8%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.8མཐོ་རུ་ཕྱིན་ཡོད།
མེ་ཤུགས་གློག་གཏོང་ནང་སོལ་གློག་དང་རང་བྱུང་སོལ་རླངས་ཀྱི་གློག་གཏོང་སོགས་ཚུད་ཡོད། 2024ལོའི་ཟླ་6པར། རང་རྒྱལ་གྱི་རླུང་གློག་འོད་ཤུགས་འཕྲུལ་འཁོར་ནས་གློག་འདོན་ཚད་རིམ་རྩིས་བརྒྱབ་ན་སོལ་གློག་འཕྲུལ་འཁོར་ལས་བརྒལ་ཏེ་ལོ་གཅིག་ཀྱང་མ་འགོར་བར་རླུང་གློག་འོད་ཤུགས་འཕྲུལ་འཁོར་རིམ་རྩིས་བརྒྱབ་ན་མེ་ཤུགས་གློག་གཏོང་ལས་བརྒལ་ཡོད། ཆན་ཝ་དུང་ཕྱུར་14.82དེ་འབྲི་ཆུའི་འགག་གསུམ་གློག་ཁང་60ལྷག་ཙམ་གྱི་སྤྱིའི་འཕྲུལ་འཁོར་དང་ཧ་ལམ་མཚུངས་ཀྱི་ཡོད། ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། ཟླ་3པའི་ཟླ་མཇུག་བར། ཞིང་ཆེན་31གི་སོལ་གློག་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་ཚང་མ་50%མན་ཆག་པ་དང་། དུས་ཚིགས་དང་པོའི་གློག་ཁུངས་ལ་མ་འཇོག་སྒོར་དུང་ཕྱུར་1322ལེགས་གྲུབ་བྱུང་བའི་ནང་འགྱུར་རྡོ་མིན་པའི་ནུས་རྒྱུའི་གློག་འདོན་ལ་མ་འཇོག་བྱས་པའི་བསྡུར་ཚད་བཅུ་ཆ་བརྒྱད་ཙམ་ཟིན་ཡོད།