དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉི་ཤུ་པའི་ཐོག་ནན་བཤད་གནང་དོན།

    རང་ཚུགས་རང་དར་མཐའ་འཁྱོངས་དང་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་མི་ཐབས་རིག་ནུས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་25ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མི་ཐབས་རིག་ནུས་འཕེལ་རྒྱས་དང་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉི་ཤུ་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། རབས་གསར་པའི་མི་ཐབས་རིག་ནུས་ལག་རྩལ་འཕེལ་འགྱུར་མགྱོགས་མྱུར་འགྲོ་བའི་དུས་བབ་གསར་པའི་མདུན་དུ་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གྱི་ལེགས་ཆ་གསར་པ་གང་ལེགས་འདོན་པ་དང་། རང་ཚུགས་རང་དར་མཐའ་འཁྱོངས། བཀོལ་སྤྱོད་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས། རང་རྒྱལ་གྱི་མི་ཐབས་རིག་ནུས་ཕན་ཡོད་དང་། བདེ་འཇགས། དྲང་གཞག་བཅས་ཀྱི་ཕྱོགས་སུ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་བློ་མཐུན་ཀྲེང་ནན་ཉིང་གིས་གནད་དོན་འདིའི་ཐད་འཆད་འགྲེལ་བྱས་པ་མ་ཟད་ལས་དོན་གྱི་གྲོས་འགོ་ཡང་བཏོན་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འཆད་འགྲེལ་ནན་ཏན་གསན་པ་དང་ཆབས་ཅིག་གྲོས་བསྡུར་ཡང་གནང་བ་རེད།

    ཞི་ཅིན་ཕིང་གིས་འཆད་འགྲེལ་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། མི་ཐབས་རིག་ནུས་ནི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལག་རྩལ་ཞིག་ཡིན་པའི་ངོས་ནས། མིའི་རིགས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏིང་ཟབ་གཏོང་བཞིན་ཡོད། ཏང་ཀྲུང་དབྱང་གིས་མི་ཐབས་རིག་ནུས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་རྩེ་རིམ་ཇུས་འགོད་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་ཀའི་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས། རང་རྒྱལ་གྱི་མི་ཐབས་རིག་ནུས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་མཆོང་སྐྱོད་ཡོང་བར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་རྨང་གཞིའི་རིགས་པའི་གཞུང་ལུགས་དང་འགག་རྩའི་ལྟེ་བའི་ལག་རྩལ་སོགས་ཀྱི་ཐད་ད་དུང་ཆད་སྐྱོན་དང་ཞན་ཆ་གནས་ཡོད། ཧེ་བག་ལ་ལྟ་སྟངས་ཡང་དག་འཛིན་པ་དང་འབད་བརྩོན་ལྡབ་བརྒྱ་བྱེད་པ་དང་། མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། མཐུན་སྦྱོར་བེད་སྤྱོད་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མི་ཐབས་རིག་ནུས་ཀྱི་ལྟ་འདོམས་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་གི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱིས་གོ་སྐབས་སྔོན་འཛིན་དང་ལེགས་ཆ་ཐོབ་པ་བྱེད་པར། ངེས་པར་དུ་རྨང་གཞིའི་རིགས་པའི་གཞུང་ལུགས་དང་། བྱ་ཐབས། ཡོ་བྱད་སོགས་ཀྱི་ཐད་ཚད་བརྒལ་ཡོང་བར་བྱེད་དགོས། རྨང་གཞིའི་ཞིབ་འཇུག་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། རྩེར་སོན་ཉིང་ལྷེབ་དང་རྨང་གཞིའི་མཉེན་ཆས་སོགས་ལྟེ་བའི་ལག་རྩལ་གྱི་དཀའ་གནད་སྟོབས་ཤུགས་གཅིག་སྒྲིལ་གྱིས་བསལ་ཏེ། རང་བརྟེན་ཚོད་འཛིན་དང་མཉམ་སྒྲུབ་འཁོར་སྐྱོད་ཐུབ་པའི་མི་ཐབས་རིག་ནུས་ཀྱི་རྨང་གཞིའི་མཉེན་ཆས་དང་མཁྲེགས་ཆས་མ་ལག་སྐྲུན་དགོས། མི་ཐབས་རིག་ནུས་ལ་བརྟེན་ནས་ཚན་ཞིབ་ཀྱི་སྤྱི་འགྲོས་སྒྱུར་བཅོས་ལ་སྣེ་ཁྲིད་བྱས་ཏེ། ཁྱབ་ཁོངས་ཁག་གི་ཚན་རྩལ་གསར་གཏོད་ཀྱི་འགག་སྒྲོལ་མགྱོགས་སུ་གཏོང་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། རང་རྒྱལ་གྱི་གྲངས་གཞིའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཐོན་ལས་མ་ལག་ཆ་ཚང་བ། བེད་སྤྱོད་བྱ་ཡུལ་རྒྱ་ཆེ་བ། ཁྲོམ་རའི་གཞི་རྒྱ་ཧ་ཅང་ཆེ་བ་བཅས་ཡོད། མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་སྤྱོད་ཀྱི་མཉམ་སྒྲུབ་གསར་གཏོད་མ་ལག་སྐྲུན་པ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་རམ་འདེགས་བཅས་བྱས་ནས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་གཏོད་དགོས། རྩིས་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྒོ་དབྱེ་མཉམ་སྤྱོད་བྱེད་ཟབ་ཏུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་ཐབས་རིག་ནུས་དེ་ཉིད་ལག་རྩལ་གསར་པ་དང་ཁྱབ་ཁོངས་གསར་པ་ཞིག་ཡིན་པའི་ངོས་ནས་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་ཡིན། ཤེས་བྱའི་བདག་དབང་དང་། ནོར་སྲིད་ཀྱི་ཁྲལ་འབབ། སྲིད་གཞུང་གི་ཉོ་སྒྲུབ། སྒྲིག་བཀོད་སྒོ་དབྱེ་སོགས་ཀྱི་སྲིད་ཇུས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས། ཚན་རྩལ་དངུལ་རྩའི་ལས་དོན་ལེགས་པར་སྒྲུབ་དགོས། མི་ཐབས་རིག་ནུས་ཀྱི་སློབ་རིམ་ཧྲིལ་པོའི་སློབ་གསོ་དང་སྤྱི་ཚོགས་ཡོངས་ཀྱི་ཀུན་ཤེས་སློབ་གསོར་སྐུལ་འདེད་བཏང་ནས། བྱང་ཚད་མཐོ་བའི་ཤེས་ལྡན་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་དགོས། མི་ཐབས་རིག་ནུས་ཀྱི་ཚན་ཞིབ་འགན་ལེན་དང་ལས་རིགས་ཀྱི་རྒྱབ་སྐྱོར་དང་ཤེས་ལྡན་པའི་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཤེས་ལྡན་པ་སྣ་ཚོགས་ལ་ཤེས་བྱ་ཡོན་ཏན་བེད་སྤྱོད་བྱེད་སའི་ལས་སྟེགས་གཏོད་པ་དང་ཆ་རྐྱེན་སྐྲུན་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། མི་ཐབས་རིག་ནུས་ཀྱིས་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ཡོད་ལ། སྔར་ན་མེད་པའི་ཉེན་ཁ་དང་འགྲན་སློང་ཡང་འཕྲད་ཡོད། མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་ཆོས་ཉིད་སྟངས་འཛིན་བྱེད་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས་ལམ་ལུགས། བེད་སྤྱོད་ཚད་ལྡན། མི་ཆོས་ཚད་གཞི་བཅས་མགྱོགས་མྱུར་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། ལག་རྩལ་ལྟ་ཞིབ་ཚད་ལེན་དང་། ཉེན་བརྡ་སྔོན་གཏོང། འཕྲལ་སྡོམ་དང་ལེན་གྱི་མ་ལག་སྐྲུན་པ་བཅས་བྱས་ཏེ་མི་ཐབས་རིག་ནུས་བདེ་འཇགས་ལྡན་པ་དང་། བློས་འགེལ་ཆོག་པ། ཚོད་འཛིན་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་ཐབས་རིག་ནུས་ནི་མིའི་རིགས་ལ་ཕན་བདེ་སྐྲུན་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཤིག་ཡིན་ཆོག མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་བྱས་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་ལག་རྩལ་ནུས་པ་ཆེ་རུ་གཏོང་རོགས་བྱས་ཏེ། གོ་ལ་ཧྲིལ་པོའི་རིག་ནུས་ཀྱི་ཧེ་བག་ཆུང་དུ་གཏོང་ཆེད་ཀྲུང་གོའི་ལེགས་སྐྱེས་འབུལ་དགོས། ཕྱོགས་ཁག་གིས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། བཅོས་སྐྱོང་གི་སྒྲིག་སྲོལ། ལག་རྩལ་གྱི་ཚད་གཞི་བཅས་འབྲེལ་མཐུད་མཐུན་སྦྱོར་བྱེད་པར་སྐུལ་འདེད་བཏང་ནས། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ལྡན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲོམ་གཞི་དང་ཚད་གཞི་སྔ་ཙམ་ཚད་ལྡན་ཆགས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།