2024ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གསར་དུ་རྙེད་པའི་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས་པ།
ཟླ་4ཚེས་23དང་24ཉིན་ཀྲུང་གོའི་རིག་དངོས་ཚགས་པར་ཁང་དང་ཀྲུང་གོའི་གནའ་རྫས་རྟོག་ཞིབ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2024ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གསར་དུ་རྙེད་པའི་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་ཆེན་པོ་བཅུའི་མཐའ་མའི་དཔྱད་བསྡུར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད།
སི་ཁྲོན་ཙི་དབྱང་མོང་ཞི་ཆུ་བོའི་རྗེས་ཤུལ་གྱི་གནའ་བོའི་ཤུལ་ཚོགས་དང་། ཀྲེ་ཅང་ཤན་ཅུས་ཞ་ཐང་རྗེས་ཤུལ། ཀན་སུའུ་ལིན་ཐའོ་སི་ཝ་རྗེས་ཤུལ། བོད་ལྗོངས་ཁང་དམར་མ་བུ་མཚོའི་རྗེས་ཤུལ། ཧུའུ་པེ་ཧོང་ཕོ་ཕན་ལུང་གྲོང་གི་རྗེས་ཤུལ། ཧྲའན་ཤིས་པའོ་ཅི་ཀྲོའུ་ཡོན་རྗེས་ཤུལ། པེ་ཅིང་ཧྥང་ཧྲན་ལིའུ་ལི་ཆུ་བོའི་རྗེས་ཤུལ། ཨན་ཧུའེ་ཧོའེ་ནན་ཝུའུ་ཝང་ཏུན་བང་སོ་དང་པོ། ཡུན་ནན་ཅིན་ཉིང་ཧོ་པོ་སུའོ་རྗེས་ཤུལ། ཤིན་ཅང་ཁ་ཧྲི་མོའར་དགོན་རྗེས་ཤུལ་བཅས་རྣམ་གྲངས་བཅུ་2024ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གསར་དུ་རྙེད་པའི་གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་ཆེན་པོ་བཅུའི་ནང་ཚུད་ཡོད་པ་རེད།
རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཆའོ་ཡུན་ཧྥེ་ཡིས། དེའི་ནང་ཚུད་པའི་རྣམ་གྲངས་དེ་དག་ནི་འདས་ཟིན་པའི་ལོ་གཅིག་རིང་གི་རི་ཐང་གི་གནའ་རྫས་རྟོག་ཞིབ་ལས་དོན་གྱི་མངོན་གསལ་དོད་པའི་མཚོན་བྱེད་ཡིན་ཞིང་། དེའི་ནང་མིའི་རིགས་ཀྱི་འབྱུང་ཁུངས་དང་། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་དང་དུས་འགོའི་འཕེལ་རིམ། ཞ་ཧྲང་ཀྲོའུ་བཅས་རྒྱལ་རབས་ཀྱི་གནའ་རྫས་རྟོག་ཞིབ། མི་རིགས་མང་པོ་གཅིག་གྱུར་གྱི་རྒྱལ་ཁབ་ཆགས་ཚུལ་དང་འཕེལ་རྒྱས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པས་ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་སྔར་བས་ར་སྤྲོད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་གནའ་རྫས་རྟོག་ཞིབ་སྔོག་འདོན་རྣམ་གྲངས་1740ལག་བསྟར་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་། “ཀྲུང་གོའི་གནའ་རྫས་རྟོག་ཞིབ”ཀྱི་ཞིབ་འཇུག་བྱེད་བཞིན་པའི་རྣམ་གྲངས་18སྤྱི་འདོམས་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་ལས་གྲྭའི་དུས་མཚམས་ལྔ་པ་མཇུག་འགྲིལ་ཉེར་ཡོད་པ། ཞ་ཧྲང་རྒྱལ་རབས་ཀྱི་ཤེས་དཔལ་ཞིབ་འཇུག་ལས་གྲྭ་དངོས་སུ་སྤེལ་འགོ་ཚུགས་པ་བཅས་གནའ་རྫས་རྟོག་ཞིབ་ལས་དོན་གྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད་པ་རེད།