དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམའ་དབྱིངས་ཟོག་འགྲེམས་ཀྱིས་མེ་ཏོག་རྫོང་གི་ཇ་ལོ་ཕྱིར་གཏོང་བར་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་དྲ་བ།    |     རྩོམ་པ་པོ།  ཝུའུ་ཡུས་རེན།   |     སྤེལ་དུས།  2025-04-27

    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་ཚོའི་ཡུལ་མི་བསམ་སྐྱིད་སྒྲོལ་མས་བཏུས་ཟིན་པའི་ཇ་ལོ་ཟོག་འགྲེམས་སྐྱེལ་འདྲེན་དོས་སྒམ་ནང་བླུགས་པ་དང་། ཐེག་ཚད་མཐོ་ཤོས་སྤྱི་རྒྱ་50དང་སྐྱེལ་འདྲེན་བར་ཐག་སྤྱི་ལེ་15ཟིན་པའི་མི་མེད་གནམ་གྲུ་བཏང་བ་དང་བསྟུན་ནས། སྤྱི་རྒྱ་20ལྷག་ཙམ་ཟིན་པའི་ཇ་ལོ་སྐར་མ་ཁ་ཤས་སོང་རྗེས་བར་ཐག་སྤྱི་ལེ་10ཙམ་གྱིས་ཆོད་པའི་ཉོ་སྒྲུབ་ས་ཚིགས་སུ་འབྱོར་གྱི་ཡོད།

    “དེ་སྔོན་མིས་སྒལ་པར་ཁུར་ནས་རི་གཤམ་གྱི་ཉོ་སྒྲུབ་ས་ཚིགས་སུ་སྐྱེལ་དགོས་པས་དུས་ཚོད་རིང་པོ་འགོར་ལ། ཇ་ཞིང་འགའ་བར་ཐག་དེ་བས་རིང་བའི་རི་མཐོན་པོར་གནས་ཡོད་པ་མ་ཟད། དབྱར་དུས་མེ་ཏོག་རྫོང་ལ་ཆར་པ་ཡང་སེ་བབས་པས། ཇ་ལོ་དབོར་སའི་ལམ་ཡང་འདམ་རྫབ་ཀྱིས་ཁེངས་ནས་འགྲོ་སྐྱོད་བདེ་པོ་མེད། ད་ཆ་མི་མེད་གནམ་གྲུ་བཏང་བས་མགྱོགས་ལ་སྟབས་བདེ་པོ་འདུག”ཅེས་བསམ་སྐྱིད་སྒྲོལ་མས་བཤད།

    མི་མེད་གནམ་གྲུ་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་གསར་པ་དང་། བྱེད་སྟངས་གསར་པ། རྣམ་པ་གསར་པ་བཅས་འཚོལ་ཞིབ་བྱས་ནས་བོད་ཀྱི་དམའ་དབྱིངས་དཔལ་འབྱོར་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། མེ་ཏོག་རྫོང་སྲིད་གཞུང་གི་སྤྱི་འདོམས་འོག་བོད་ལྗོངས་དབྱི་ཀྲོའུ་ཚན་རྩལ་ཀུང་སིས་མྱུར་སྐྱེལ་ཟོག་འགྲེམས་ཁེ་ལས་དང་མཉམ་དུ་མི་མེད་གནམ་གྲུའི་ཟོག་འགྲེམས་སྡེབ་སྐྱེལ་དང་། ཞིང་ཞོར་ཐོན་རྫས་སྐྱེལ་འདྲེན། བར་སྣང་ནས་ཇ་ཞིང་ལ་སྐོར་ཞིབ། ནགས་ཚལ་ལ་རང་འགུལ་ངང་སྐོར་སྲུང་། གཞུང་ལམ་འགྲིམ་འགྲུལ་བཀོད་འདོམས་སོགས་དམའ་དབྱིངས་བཀོལ་སྤྱོད་བྱེད་སྟངས་མང་པོ་ཚོད་ལྟའི་འཕུར་སྐྱོད་བྱས་ཡོད།

    “ད་ཐེངས་མེ་ཏོག་རྫོང་གྲོང་གི་དྲ་ཚུགས་ནས་ཐད་ཀར་གྲོང་ཚོར་བསྐྱོད་པའི་ཚོད་ལྟའི་འཕུར་སྐྱོད་བྱས་ཤིང་། སྡེབ་སྐྱེལ་ལམ་ཐག་སྤྱི་ལེ་15ཙམ་ཡོད་པས་དེ་སྔོན་རླངས་འཁོར་བཏང་ན་སྐར་མ་40ཙམ་འགོར་ཡང་། ད་ཐེངས་མི་མེད་གནམ་གྲུས་གྲོང་ཚོའི་ནང་སྐྱེལ་འདྲེན་བྱེད་པར་སྐར་མ་ཁ་ཤས་ལས་འགོར་གྱི་མི་འདུག གལ་སྲིད་བཀོལ་སྤྱོད་རྒྱ་ཁྱབ་ཐུབ་ཚེ་གྲོང་ཚོར་མྱུར་སྐྱེལ་བྱེད་པར་དེ་བས་སྟབས་བདེ་པོ་ཡོང་ངེས་རེད”ཅེས་ལི་ཧྥུང་ཝེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཚོད་ལྟའི་འཕུར་སྐྱོད་བྱེད་པའི་མི་མེད་གནམ་གྲུ་ཡོད་པ་ཕུད། ད་དུང་ལྗིད་ཚད་སྤྱི་རྒྱ་150ལྷག་ཙམ་སྐྱེལ་འདྲེན་ཐུབ་པའི་འཕུར་སྐྱོད་བར་ཐག་སྤྱི་ལེ་110ལྷག་ཙམ་དང་། མཐོ་ཚད་སྨི་6000ལྷག་ཙམ་ཟིན་པའི་རླངས་སྣུམ་སྒུལ་ཤུགས་ཀྱི་གཤོག་ཟུང་ལྗིད་ཐེག་མི་མེད་གནམ་གྲུའང་ཡོད་པས། བྱང་སྐར་གནས་ཐིག་གཏན་འཁེལ་བྱས་ན་འཕུར་སྐྱོད་མཁའ་ལམ་མི་འཕྱུགས་པ་དང་བདེ་འཇགས་ཡོང་བའི་འགན་ལེན་ཐུབ་ཀྱི་ཡོད།

    “རྗེས་སུ་ང་ཚོས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཚོད་ལྟའི་འཕུར་སྐྱོད་བྱས་ནས་མེ་ཏོག་རྫོང་གི་ཞིང་ལས་ཐོན་རྫས་དུས་ཐོག་ཏུ་ཕྱིར་དབོར་བ་དང་འཕྲལ་སྡོམ་དངོས་ཟོག་གང་མགྱོགས་འབྱོར་བར་རམ་འདེགས་བྱེད་ཀྱི་ཡིན”ཞེས་མི་མེད་གནམ་གྲུའི་ལག་རྩལ་འདེགས་སྐྱོར་ཚན་པའི་མི་མེད་གནམ་གྲུ་གཏོང་མཁན་མཱ་ཝེ་ཅུན་གྱིས་ངོ་སྤྲོད་བྱས།

    ཚོད་ལྟའི་འཕུར་སྐྱོད་བྱ་ཡུལ་དུ། མེ་ཏོག་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཡང་ཡན་ལུང་སོགས་དང་ཞིང་ལས་གྲོང་གསེབ་པུའི་ལས་དོན་པས་བཟོ་དབྱིབས་མི་འདྲ་བའི་མི་མེད་གནམ་གྲུའི་བཀོལ་སྤྱོད་རྣམ་པ་དང་། གཉེར་སྐྱོང་ལམ་སྲོལ། དོ་དམ་བྱེད་སྟངས་སོགས་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་། ཡང་ཡན་ལུང་གིས། དམའ་དབྱིངས་ཟོག་འགྲེམས་དྲ་རྒྱ་འཛུགས་རྒྱུ་འཚོལ་ཞིབ་བྱས་ནས། དྲ་ཐོག་ཚོང་དོན་གྱི་ལས་སྟེགས་ལ་བརྟེན་ནས་ས་ཁམས་ཀྱི་འཆིང་རྒྱ་ལས་བསྒྲལ་ཏེ“མེ་ཏོག་རྫོང་གི་ཐོན་རྫས་སྤུས་ལེགས”གང་མགྱོགས་སྟབས་བདེའི་ངང་འཛད་སྤྱོད་པ་དེ་བས་མང་བར་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།