དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་ལས་ཞུགས་བརྟན་པོ་ཡོང་བའི་འཕེལ་ཕྱོགས་མུ་མཐུད་བརྟན་དུ་ཕྱིན་པ།

    གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1.12གསར་དུ་ལས་ཞུགས་ཐུབ་པ་དེ་དུས་མཚུངས་ལས་39.55%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-27

     ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་ལས་ཞུགས་བརྟན་པོ་ཡོང་བའི་འཕེལ་ཕྱོགས་མུ་མཐུད་བརྟན་དུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1.12གསར་དུ་ལས་ཞུགས་ཐུབ་པ་དེ་དུས་མཚུངས་ལས་39.55%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ། ལས་གནས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ཤོང་ཚད་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་ཁག་དང་པོའི་ལས་ཞུགས་ལས་གནས་ཁྲི་4.2ལྷག་ཙམ་བསྡུ་རུབ་དང་ཁྱབ་བསྒྲགས་བྱས་པ་དང་། བོད་སྡོད་ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་ཀྱི་ལས་གནས་1892བསྡུ་རུབ་བྱས་པ། ཞིང་འབྲོག་པ་ཁྲི་20.19ལས་ཞུགས་ཐུབ་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་14.83བྱུང་ནས་2.07%དང་2.84%སོ་སོར་འཕར་བ་དེའི་ནང་དིང་རིའི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་རྫོང་6གི་ཞིང་འབྲོག་པ་ཁྲི་1.26ལས་ཞུགས་ཐུབ་པར་ངལ་ནུས་ཡོང་འབབ་སྒོར་ཁྲི་7488.34བྱུང་ཡོད།

    མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་མངོན་གསལ་དོད་པོས་དམ་འཛིན་བྱས་ཤིང་། 《2025ལོའི་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཇུས་གཞི》དང《བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོམ་རའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་ལག་བསྟར་ཞིབ་སྲོལ》སོགས་བཏོན་པ་དང་ཁག་དང་པོའི་ཀྲུང་དབྱང་གི་ལས་ཞུགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་9.65སྤོ་སྒྱུར་གཏོང་སྤྲོད་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་5.32དོན་ཐོག་ཏུ་འཁྱོལ་བ་རེད།

    ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། 《2025ལོའི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་གྱི་ལག་བསྟར་ཇུས་གཞི》བཀྲམ་ནས་ཉིན་གླའི་ཁྲོམ་ར་འཕེལ་རྒྱས་གཏོང་བ་དང་། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་སྐུལ་འདེད་གཏོང་བ། གཞིས་རྩེའི་ས་ཡོམ་གེགས་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་སོགས་གཙོ་གནད་ལས་འགན་དང་ལས་ཀའི་བླང་བྱ་ཁ་གསལ་བཟོས་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སོགས་རྣམ་གྲངས་ཀྱི་མི་སྤྱོད་ཚན་པ་དང་འབྲེལ་མཐུད་བྱེད་པར་རང་འགུལ་ངང་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་པ་དེ་བས་མང་བ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཐུབ་པའི་བརྩོན་ལེན་བྱས་ཡོད། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ནང་ཞིང་འབྲོག་པ་ཁྲི་1.48ལས་ཞུགས་གཞན་སྒྱུར་བྱས་པ་དང་ས་ཁོངས་སྒྲོལ་ནས་མི་ཁྲི་6.8ལས་ཞུགས་ཐུབ་པའི་ནང་བཟའ་ཟླའི་ལས་གནས་དང་། ཁྱིམ་ཚང་གི་ལས་གནས། གཉེན་ཉེའི་ལས་གནས། གྲོང་ཚོ་དང་གྲོང་ལྷན་གྱི་ལས་གནས་བཅས་ལས་གནས་778ཡོད་པ་རེད།

    དཀའ་ངལ་ཡོད་པའི་ཚོགས་སྤྱིར་ལས་ཞུགས་འགན་ལེན་ཏན་ཏིག་བྱས་ཤིང་། ལས་ཞུགས་ལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཕྱོགས་ནས་ལས་བསྡུའི་འདུ་ཚོགས་སྣ་ཚོགས་ཐེངས་119འཚོགས་པ་དང་མི་སྤྱོད་ཚན་པ་1488ཀྱིས་ལས་ཞུགས་ལས་གནས་ཁྲི་1.73མཁོ་འདོན་བྱས་པས་མི་978ལས་ཞུགས་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།