སྤྱི་ལེ་6.5ཡི་ལམ་ཆུང་གྲོང་གསེབ་དར་རྒྱས་ཀྱི་བདེ་སྐྱིད་ལམ་ཆེན་དང་སྦྲེལ་བ།
“ལམ་བུ་དེ་བསྐྲུན་རྗེས་སྐར་མ་ཁ་ཤས་ནང་སླེབས་ཀྱི་འདུག་པས་སྟབས་ཧ་ཅང་བདེ་པོ་འདུག” ཟླ་4པའི་ས་མཐོའི་ཞོགས་པ་ཞིག་ལ། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གྲམ་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འཕྲིན་ལས་ཀྱིས་རླངས་འཁོར་བཏང་ནས་མཚོ་སྨད་གྲོང་ཚོར་སྐྱོད་པའི་ལམ་བར་དུ་མཚོ་སྨད་གྲོང་ཚོའི་གྲོང་མི་ཉི་མ་དང་འཕྲད་རྗེས་ཉེ་དུས་ཀྱི་གྲོང་གསེབ་ལམ་བུའི་ཆ་རྐྱེན་ལེགས་སུ་ཕྱིན་པའི་སྐོར་གླེང་བཞིན་ཁོང་གཉིས་པོ་ཧང་སངས།
གྲམ་གྲོང་ཚོ་དང་མཚོ་སྨད་གྲོང་ཚོ་ནི་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྱི་ཁོངས་སུ་གཏོགས་པ་དང་གྲོང་ཚོ་གཉིས་དབར་དེ་སྔ་སྤྱི་ལེ་6.5ཟིན་པའི་ས་ལམ་ཞིག་གིས་ཆོད་ཡོད། ས་ལམ་དེར་ཞེང་ཚད་ལི་སྨི་ལྔ་བཅུ་དྲུག་བཅུ་ཙམ་ལས་མེད་པ་དང་ཆར་དུས་སུ་འདམ་རྫབ་ཀྱིས་ཁེངས་ནས་འགྲོ་སྐྱོད་དཀའ་ལ་ཐན་པ་བསྟན་སྐབས་གང་སར་ཐལ་རྡུལ་འཚུབ་ནས་གྲོང་མི་འགྲུལ་བཞུད་བྱེད་སྐབས་རྐང་ཐང་མར་ཆུ་ཚོད་གཅིག་ཙམ་འགོར་གྱི་ཡོད། ཞིང་འབྲོག་ཐོན་རྫས་དབོར་འདྲེན་བྱེད་པར་དཀའ་ངལ་འཕྲད་དེ་རིག་གནས་ཡུལ་སྐོར་ཐོན་ཁུངས་རི་ཁུག་ཏུ་ལུས་ནས་ཤེས་མཁན་ཉུང་ཉུང་རེད།
དམངས་ཀྱི་འདོད་དོན་སྐོར་ལ་སྲིད་གཞུང་གིས་ནུས་པ་བཏོན་ཞིང་། 2023ལོའི་ཟླ་8ཚེས་6ཉིན། པེ་ཅིང་བོད་སྐྱོར་གྱི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཀྱི་གཞུང་ལམ་བསྐྱར་སྐྲུན་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ནས་ས་མཐོའི་གྲོང་ཚོ་གཉིས་པོར་བདེ་སྐྱིད་ཀྱི་ལམ་བུ་ཞིག་བཏིང་བ་རེད།
སྤྱི་ལེ་6.5ལས་མེད་པའི་ལམ་ཆུང་དེའི་གཞོགས་གཉིས་ཀྱི་རི་སྟེང་དུ་སྔོ་ཁེབས་ཉུང་བ་དང་ས་ཆ་སོབ་སོབ་ཡིན་པས་ཆར་དུས་ཤ་འོད་ཐོན་ནས་ཕ་བོང་ཆེན་པོ་ལྷུངས་ཏེ་གནས་སྐབས་ཀྱི་ལམ་བུ་ཐེངས་མང་ཁྱེར་ནས་ཨར་ལས་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད།
ལམ་བུ་དེ་སྐྲུན་སྐབས་གྲོང་ཚོ་གཉིས་པོའི་མང་ཚོགས་ཀྱང་ཞུགས་ཡོད། “འཕྲུལ་ཆས་བོགས་གཏོང་གི་ཡོང་འབབ་ནི་ང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡིན་པས་རྣམ་གྲངས་དེ་ལས་མཉམ་སྡེབ་ཀྱི་ཡོང་འབབ་མང་དུ་སོང་ཡོད” འཕྲིན་ལས་ཀྱིས“ཟླ་བ་གཅིག་ལ་ཧ་ལམ་ཡོང་འབབ་སྒོར་ཁྲི་15ཙམ་ཡོད་པ་དང་གྲོང་མི་ཚོས་ཀྱང་ལས་ཡུལ་དུ་རེས་མོས་ཀྱིས་ལས་ཀ་བྱས་སྟབས་ཚང་མར་ཡོང་འབབ་བྱུང་ཡོད”ཅེས་བཤད།
2024ལོའི་ཟླ་10པའི་ཟླ་མཇུག་ཏུ་གཞུང་ལམ་དེ་སྔ་སྣུར་དུ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ། སྔོན་ཆད་ཀྱི་ས་རྡོའི་ལམ་དེ་ཞེང་ཚད་སྨི་6ཟིན་པའི་སྣུམ་ནག་ལམ་དུ་རིམ་སྤོར་བྱས་ཡོད། ཆུང་ལ་སྤུས་ཀ་དག་པའི་གཞུང་ལམ་དེ་འགྲོ་སྐྱོད་ཀྱི་བགྲོད་ལམ་ཡིན་པ་མ་ཟད་དེ་བས་གྲོང་གསེབ་དར་རྒྱས་ཀྱི་སྲོག་རྩ་ལྟ་བུར་གྱུར་ཡོད། འགྲོ་ལམ་འབྲེལ་མཐུད་ཤར་གཏོང་ཐུབ་རྗེས་གྲམ་གྲོང་ཚོ་དང་མཚོ་སྨད་གྲོང་ཚོའི་ཞིང་འབྲོག་ཐོན་རྫས་དབོར་འདྲེན་གྱི་ལས་ཕྱོད་ཆེས་ཆེར་འཕར་བ་དང་ལྷ་མོའི་འཁྲབ་སྟོན་དང་ཁྱད་ལྡན་གནས་ཚང་སོགས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱང་དར་རྒྱས་སོང་ཡོད།
ཡུལ་དེའི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་དང་འདོན་སྤེལ་བྱས་ཏེ་ཐོན་ལས་ཆུང་ངུར་བརྟེན་ནས་གྲོང་གསེབ་ཀྱི་འཕེལ་རྒྱས་ཆེན་པོར་སྐུལ་ཁྲིད་བྱས་ཐོག པེ་ཅིང་བོད་སྐྱོར་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག 2024ལོར་ཉ་ལྕིབས་ཚོགས་པས་མ་དངུལ་སྒོར་ཁྲི་700ལྷག་ཙམ་བཏང་ནས་མཚོ་སྨད་གྲོང་ཚོར་སྤུས་དག་དམངས་སྲོལ་གནས་ཚང་ཁང་མིག་8བསྐྲུན་ཞིང་། བོད་བཟོའི་ཉམས་འགྱུར་དང་དེང་རབས་ཀྱི་ཇུས་འགོད་མཉམ་འདྲེས་བྱས་པས་ཁྲེང་ཏུའུ་དང་པེ་ཅིང་སོགས་ནས་ཡོང་བའི་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་པ་དང་། གྲོང་ཚོ་གཉིས་པོའི་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་སྔར་བས་རྒྱ་སྐྱེད་བཏང་ཐོག་གྲོང་གསེབ་ཡུལ་སྐོར་རྣམ་གྲངས་བཏོད་པ་རེད།
འགྲོ་སྐྱོད་དཀའ་བ་ནས་བདེ་སྐྱིད་ཀྱི་ལམ་བུ་ཤར་གཏོང་ཐུབ་པའི་བར་པེ་ཅིང་བོད་སྐྱོར་རྣམ་གྲངས་ཀྱིས་ལམ་བུ་གཙོ་བོར་བརྩིས་ནས་གངས་ལྗོངས་ས་མཐོར་དམངས་འཚོ་དང་འཕེལ་རྒྱས་ཀྱི་དྲོ་སྐྱིད་ལྡན་པའི་འཆར་གཞི་ཞིག་བཏིང་ཞིང་། སྤྱི་ལེ་6.5ཟིན་པའི་གཞུང་ལམ་དེས་གྲོང་ཚོ་དང་གྲོང་ཚོའི་དབར་གྱི་བར་ཐག་ཐུང་དུ་བཏང་བ་མ་ཟད། དེ་བས་དམངས་སེམས་འབྲེལ་མཐུད་ཐུབ་ནས་ཐུན་མོང་འབྱོར་ཕྱུག་གི་ཡངས་པའི་བགྲོད་ལམ་ཞིག་བསྐྲུན་ཡོད།
ད་ཆ་གྲམ་གྲོང་ཚོའི་འདྲུད་འཐེན་འཕྲུལ་འཁོར་རུ་ཁག་གིས་ནས་བྱུར་བུར་བླུགས་ནས་ཁྲོམ་རར་དབོར་བ་དང་མཚོ་སྨད་གྲོང་ཚོའི་དམངས་སྲོལ་གནས་ཚང་སྔོན་མངགས་བྱེད་མཁན་མང་བས་གྲོང་ཚོ་གཉིས་ཀྱི་རིག་གནས་བྱེད་སྒོ་ཉིན་བཞིན་གྲ་རྒྱས་སུ་འགྲོ་བཞིན་ཡོད། “གཞུང་ལམ་བསྐྲུན་པས་འཚོ་བར་དེ་བས་རེ་སྒུག་བྱེད་རིན་ཡོད”གྲོང་མི་ཚོའི་འཛུམ་མདངས་ལས་ས་མཐོའི་འོད་སྟོང་འབར་བའི་མདུན་ལམ་གསར་པ་མངོན་བཞིན་ཡོད།