ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས།
མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
■ འདི་ལོ་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་གནང་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་བྱེད་པ། གཞི་ཆེའི་སྲིད་ཇུས་ཁག་གིས་མཐུན་སྦྱོར་ཤུགས་འདོན་བཅས་བྱས་པར་བརྟེན་དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་ཚུལ་བཟང་བའི་རྣམ་པ་མངོན་པ་དང་། སྤྱི་ཚོགས་ཀྱི་གདེང་ཚོད་མུ་མཐུད་ཆེ་རུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱུང་ཡོད། དེ་དང་ཆབས་ཅིག རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་བའི་རྨང་གཞི་ད་དུང་སྔར་བས་བརྟན་དུ་གཏོང་དགོས་པ་དང་ཕྱི་ཕྱོགས་ཀྱི་རྡབ་རྡེག་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད་པས། མཐའ་ཚད་ཀྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ་དང་སྔོན་ཇུས་གྲ་སྒྲིག་གང་ལེགས་བྱས་ནས་དཔལ་འབྱོར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།
■ ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ལས་བྱེད་པས་དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་དང་རང་འགུལ་ངང་བྱ་སྤྱོད་སྤེལ་རྒྱུར་སྐུལ་ལྕག་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་སྤེལ་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་4ཚེས་25ཉིན་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་གནང་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་བྱེད་པ། གཞི་ཆེའི་སྲིད་ཇུས་ཁག་གིས་མཐུན་སྦྱོར་ཤུགས་འདོན་བཅས་བྱས་པར་བརྟེན་དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་ཚུལ་བཟང་བའི་རྣམ་པ་མངོན་པ་དང་། སྤྱི་ཚོགས་ཀྱི་གདེང་ཚོད་མུ་མཐུད་ཆེ་རུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱུང་ཡོད། དེ་དང་ཆབས་ཅིག རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་བའི་རྨང་གཞི་ད་དུང་སྔར་བས་བརྟན་དུ་གཏོང་དགོས་པ་དང་ཕྱི་ཕྱོགས་ཀྱི་རྡབ་རྡེག་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད་པས། མཐའ་ཚད་ཀྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ་དང་སྔོན་ཇུས་གྲ་སྒྲིག་གང་ལེགས་བྱས་ནས་དཔལ་འབྱོར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།
ཚོགས་འདུའི་ཐོག་བསྟན་དོན། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་འཛུགས་པ། རྒྱལ་ནང་གི་དཔལ་འབྱོར་ལས་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་འཐབ་རྩོད་ལ་སྤྱི་འདོམས་བྱེད་པ། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེ་རུ་གཏོང་བ། ལས་ཞུགས་དང་། ཁེ་ལས། ཁྲོམ་ར། སྔོན་དཔག་བཅས་བརྟན་པོ་ཡོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཁོར་ཡུག་འགྱུར་ལྡོག་འགྲོ་མགྱོགས་པའི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དེ་བས་དགེ་མཚན་ལྡན་པའི་གཞི་ཆེའི་སྲིད་ཇུས་གང་མགྱོགས་ལག་བསྟར་བྱས་ཏེ་དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་ལྷུག་གཏོང་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་ཡག་པོ་སྤྱོད་དགོས། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དང་དུས་ཡུན་ཤིན་ཏུ་རིང་བའི་དམིགས་བསལ་རྒྱལ་བུན་སོགས་འགྲེམས་སྤེལ་དང་སྤྱོད་མགྱོགས་སུ་གཏོང་དགོས། གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་དུ་གཏོང་དགོས། ཚད་གཞི་དང་སྐྱེད་ཀ་འོས་འཚམ་དམའ་རུ་བཏང་ནས་འཁོར་རྒྱུག་རང་བཞིན་འདང་ངེས་རྒྱུན་འཁྱོངས་བྱས་ཏེ། དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་བྱེད་ཐབས་གསར་པ་གསར་གཏོད་དང་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་གསར་པ་བཏོད་ནས་ཚན་རྩལ་གསར་གཏོད་དང་། འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བ་སོགས་ལ་རྒྱབ་སྐྱོར་བྱེད་དགོས། སྲིད་ཇུས་འཛིན་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་ལ་ཤུགས་སྣོན་རྒྱག་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཡོང་འབབ་དམའ་འབྲིང་གི་ཚོགས་སྤྱིའི་ཡོང་འབབ་མཐོ་རུ་གཏོང་བ་དང་ཞབས་ཞུའི་འཛད་སྤྱོད་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་རྒྱུར་སྣེ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། འཛད་སྤྱོད་ཁྱབ་ཁོངས་ཀྱི་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་གང་མགྱོགས་མེད་པར་བཟོས་ཏེ་ཞབས་ཞུའི་འཛད་སྤྱོད་དང་རྒན་གསོར་ཡང་བསྐྱར་དངུལ་བུན་གཏོང་བའི་ཐབས་ལམ་འཛུགས་དགོས། མ་དངུལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ“གསར་གཉིས”སྲིད་ཇུས་ལག་བསྟར་རྒྱ་ཆེ་དང་སྤུས་ཚད་མཐོ་རུ་གཏོང་བ་དང“གནད་གཉིས”འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཐབས་མང་མཉམ་སྤྱོད་ཀྱིས་དཀའ་ངལ་ཡོད་པའི་ཁེ་ལས་ལ་རོགས་སྐྱོར་བྱེད་དགོས། མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས། ཕྱི་ནང་ཚོང་དོན་གཞི་གཅིག་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་གསར་དར་ཀ་རྟེན་ཐོན་ལས་ཁག་གཅིག་གཏོད་དགོས། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་མུ་མཐུད་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། བུན་འཛིན་ཁྲོམ་རའི“ཚན་རྩལ་བྱེད་ཐབས”གསར་གཏོད་བྱས་ནས་བཏོན་ཏེ“མི་ཐབས་རིག་ནུས+”བྱ་སྤྱོད་མགྱོགས་མྱུར་ལག་བསྟར་བྱེད་དགོས། གཙོ་གནད་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཚད་ལྡན་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་འགྲན་རྩོད་ཀྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བའི་བྱ་ཐབས་སྤྱད་དེ་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་བསྐྲུན་མགྱོགས་སུ་བཏང་ནས་ཁེ་ལས་དང་འབྲེལ་བའི་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་དགོས། ཞབས་ཞུའི་ལས་རིགས་སྒོ་མོ་འབྱེད་པའི་ཚོད་ལྟའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས“ཕྱིར་སྐྱོད”ཀྱི་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་སྲུང་སྐྱོང་ཧུར་ཐག་བྱས་ཏེ་ཕྱོགས་རྐྱང་པའི་བཙན་ཤེད་བྱེད་སྤྱོད་ལ་ངོ་རྒོལ་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་སེལ་དགོས། ས་གནས་སྲིད་གཞུང་གི་བུན་སེལ་སྲིད་ཇུས་སྦབ་ཆ་གཅིག་མུ་མཐུད་ལག་བསྟར་བྱས་ཏེ་ས་གནས་སྲིད་གཞུང་གིས་ཁེ་ལས་ཀྱི་དངུལ་ཆད་པའི་གནད་དོན་མགྱོགས་མྱུར་ཐག་གཅོད་བྱེད་དགོས། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ནང་གྲོང་ཚོ་དང་ཉེན་ཡོད་སྡོད་ཁང་རྙིང་པ་སྒྱུར་བཀོད་བྱ་རྒྱུར་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་མགྱོགས་མྱུར་འཛུགས་པ་དང་། སྤུས་ཚད་ལེགས་པའི་སྡོད་ཁང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། གསོག་འབོར་ཚོང་སྒྱུར་སྡོད་ཁང་ཉོ་སྒྲུབ་སྲིད་ཇུས་ལེགས་སུ་གཏོང་བ་བཅས་བྱས་ནས་ས་ཁང་བདག་ཁོངས་ཁྲོམ་རའི་བརྟན་ལྷིང་དུས་བབ་མུ་མཐུད་བརྟན་དུ་གཏོང་དགོས། མ་རྩའི་ཁྲོམ་ར་རྒྱུན་མཐུད་བརྟན་ལྷིང་དང་འཁྲུག་ཏུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དམངས་འཚོ་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། སྒོ་ཁྲལ་གྱི་ཤུགས་རྐྱེན་ཅུང་ཆེ་བའི་ཁེ་ལས་ལ་ལས་ཤོར་འགན་བཅོལ་ཐེབས་རྩའི་ལས་གནས་བརྟན་གཏོང་གི་ཕྱིར་སློག་བསྡུར་ཚད་མཐོ་རུ་གཏོང་དགོས། རིམ་པ་དང་རིགས་དབྱེ་བའི་སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་ལས་ཐོན་སྐྱེད་ལ་ཤུགས་སྣོན་བརྒྱབ་ནས་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་བརྟན་པོ་ཡོང་བ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་དགོས། ཐོན་སྐྱེད་བདེ་འཇགས་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཀྱི་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། ལས་ཞུགས་བརྟན་པོ་དང་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། གཏན་འཁེལ་བྱས་པའི་སྲིད་ཇུས་སྔ་ཙམ་བཏོན་ནས་ཕན་འབྲས་སྔ་ཙམ་ཐོན་པར་བྱེད་པ། དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་འཕར་ཚད་གསོག་འཇོག་སྲིད་ཇུས་དུས་ཐོག་ཏུ་འདོན་པ། རྒྱུན་སྲོལ་ལས་བརྒལ་ཞིང་དུས་འཁོར་ལྡོག་པའི་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ལས་བྱེད་པས་དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་དང་རང་འགུལ་ངང་བྱ་སྤྱོད་སྤེལ་རྒྱུར་སྐུལ་ལྕག་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་སྤེལ་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།