ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་བདེ་བླག་བྱུང་བ།
“ཤར་ཕྱོགས་དམར་ཨང་དང་པོ”འཕེན་གཏོང་བྱས་ནས་ལོ་ལྔ་བཅུ་ང་ལྔ་འཁོར་བའི་དུས་སུ་ལྷ་གྲུ་མཁའ་འདྲི་ཐེངས་ཉི་ཤུ་པ་འཕེན་གཏོང་བྱས་པ།
ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་2025ལོའི་ཟླ་4ཚེས་24ཉིན་གྱི་ཆུ་ཚོད་17དང་སྐར་མ་17ལ། ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་གྲུ་བླུགས་པའི་རྒྱང་སྐྱོད་ཨང་གཉིས་པའི་Fརྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཉི་ཤུ་པ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་ཤིང་། སྐར་མ་10ཙམ་སོང་རྗེས་ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་གྲུ་དང་མེ་ཤུགས་འཕུར་མདའ་བདེ་བླག་ངང་ཁ་གྱེས་ནས་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་སླེབས་ཡོད། མིག་སྔར་འཇིག་རྟེན་འཕུར་སྐྱོད་པའི་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་པ་དང་འཕེན་གཏོང་བདེ་བླག་བྱུང་བ་རེད།
1970ལོའི་ཟླ་4ཚེས་24ཉིན། རང་རྒྱལ་གྱི་མིས་བཟོས་སའི་གོ་ལའི་སྲུང་སྐར་དང་པོ“ཤར་ཕྱོགས་དམར་ཨང་དང་པོ”བདེ་བླག་ངང་འཕེན་གཏོང་བྱས་ཡོད། ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་པས“ཤར་ཕྱོགས་དམར་ཨང་དང་པོ”འཕེན་གཏོང་བྱས་ནས་ལོ་ལྔ་བཅུ་ང་ལྔ་འཁོར་བའི་དུས་སུ་ལྷ་གྲུ་མཁའ་འདྲི་ཐེངས་ཉི་ཤུ་པ་འཕེན་གཏོང་བྱས་པ་རེད།
ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་གྲུ་འཁོར་ལམ་དུ་སླེབས་རྗེས། པེ་ཅིང་གི་དུས་ཚོད་2025ལོའི་ཟླ་4ཚེས་24ཉིན་གྱི་ཆུ་ཚོད་23དང་སྐར་མ་49ལ་བར་སྣང་ས་ཚིགས་ཀྱི་མཁའ་མཐུན་ལྟེ་ཚང་གི་སྣེ་མོར་སྦྲེལ་མཐུད་བདེ་བླག་ཐུབ་པ་དང་། སྦྲེལ་མཐུད་བརྒྱུད་རིམ་ཧྲིལ་པོར་དུས་ཚོད་ཆུ་ཚོད་6.5ཙམ་འགོར་ཡོད།
ལས་འགན་གྱི་འཆར་གཞི་ལྟར། ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་འཇིག་རྟེན་འཕུར་སྐྱོད་པ་གསུམ་གྱིས་ལྷ་གྲུ་ཨང་ཉི་ཤུ་པའི་མི་བཞུགས་འཕུར་གྲུ་ནས་བར་སྣང་ས་ཚིགས་ཀྱི་མཁའ་མཐུན་ལྟེ་ཚང་དུ་འཛུལ་ཏེ་ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པ་ཚའེ་ཤུས་ཀྲེ་དང་། སུང་ལིང་ཏུང་། ཝང་ཧའོ་ཙེ་བཅས་དང་བར་སྣང་ས་ཚིགས་སུ་མཉམ་འཛོམས་བྱ་རྒྱུ་རེད།
བར་སྣང་ས་ཚིགས་སུ་ལས་ཀ་དང་འཚོ་བ་སྐྱེལ་རིང་། ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པས་བར་སྣང་གི་ཚེ་སྲོག་དང་མིའི་ལུས་ཁམས་ཞིབ་འཇུག་དང་། ལྗིད་ཤུགས་ཕྲ་མོའི་དངོས་ཁམས་ཚན་རིག བར་སྣང་གི་ལག་རྩལ་གསར་པ་སོགས་ཁྱབ་ཁོངས་ཀྱི་ཚོད་ལྟ་དང་བཀོལ་སྤྱོད་བྱ་རྒྱུ་དང་། གྲུ་ཚང་ནས་དོན་པའི་བྱེད་སྒོ་ཐེངས་མང་སྤེལ་ཏེ་བར་སྣང་ས་ཚིགས་ཀྱི་སིལ་ཧྲུག་འགོག་སྲུང་སྒྲིག་ཆས་སྒྲིག་སྦྱོར་དང་། གྲུ་ཚང་ཕྱིའི་ཐེག་ཚད་དང་གྲུ་ཚང་ཕྱིའི་ལས་སྟེགས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་དང་ཕྱིར་བསྡུ་སོགས་ཀྱི་ལས་འགན་ལེགས་གྲུབ་བྱ་རྒྱུ་རེད།
ད་ཐེངས་ཀྱི་ལས་འགན་ནི་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་དེ་བར་སྣང་ས་ཚིགས་ཀྱི་ཉེར་སྤྱོད་དང་འཕེལ་རྒྱས་དུས་མཚམས་སུ་སླེབས་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཐེངས་ལྔ་པ་ཡིན་ལ། འདུ་འགོད་རྣམ་གྲངས་བཙུགས་ནས་ལག་ལེན་བསྟར་ཚུན་གྱི་འཕེན་གཏོང་ལས་འགན་ཐེངས་སོ་ལྔ་པའང་ཡིན། མིག་སྔའི་བར་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་26དང་མི་ཐེངས་41གིས་བར་སྣང་དུ་འཕུར་སྐྱོད་ལས་འགན་ལེགས་སྒྲུབ་བྱས་ཡོད། ད་ཐེངས་ཀྱི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་བྱེད་ཐེངས་571པ་དང་ལྷ་གྲུ་རྟགས་ཅན་གྱི་འཕུར་གྲུ་འཕུར་སྐྱོད་བྱེད་ཐེངས་ཉི་ཤུ་པ་རེད།