དུས་ཚིགས་དང་པོར་ཚོང་ཟོག་གི་དྲ་ཐོག་སིལ་ཚོང་བསྡོམས་འབོར་5.7%འཕར་བ།
དྲ་ཐོག་ཚོང་དོན་གྱིས་ནང་མཁོ་རྒྱ་ཆེ་དང་ནང་ཚོང་རྒྱ་སྐྱེད་གཏོང་བའི་ནུས་པ་རྒྱུན་མཐུད་བཏོན་པ།
དུས་ཚིགས་དང་པོར་རང་རྒྱལ་གྱི་དྲ་ཐོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3.6ལས་བརྒལ་བ་དང་། དེའི་ནང་ཚོང་ཟོག་གི་དྲ་ཐོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3ལྷག་ཙམ་ཟིན་ནས་5.7%འཕར་ཡོད། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་དྲ་ཐོག་ཚོང་དོན་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ་དང་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་དང་། ཐོན་ལས་འཁོར་འབྲེལ་གོང་འོག་འབྲེལ་མཐུད། རྒྱལ་ནང་དང་རྒྱལ་སྤྱིའི་མཉམ་འགུལ་བཅས་ཀྱི་ལེགས་ཆ་བཏོན་ནས་ནང་མཁོ་རྒྱ་ཆེར་གཏོང་བར་སྐུལ་འདེད་དང་ཕྱི་ཕྱོགས་ཚོང་དོན་ལ་བརྟེན་ནས་ནང་ཚོང་རྒྱ་སྐྱེད་ལ་རམ་འདེགས་བྱས་ཏེ་ཀུན་ཕན་གཉིས་ཁེའི་གོ་ལ་ཧྲིལ་པོའི་དྲ་ཐོག་ཚོང་དོན་གྱི་ཁྲོམ་ར་ཆེན་པོ་བཙུགས་པ་རེད།
སྤུས་ཚད་ལེགས་གཏོང་དང་གྲངས་འབོར་མང་དུ་བཏང་ཞིང་། ཚོང་དོན་གྱི་གྲངས་གཞི་ཆེན་པོའི་ལྟ་ཞིབ་ཚད་ལེན་གཞིར་བཟུང་། དུས་ཚིགས་དང་པོར་རྙིང་པ་གསར་པར་བརྗེ་བའི་གཞི་ཁྱོན་ཆེ་རུ་བཏང་ནས་གྲངས་འཛིན་ཐོན་རྫས་ཉོ་ཚོང་བྱེད་ཚད་7.4%འཕར་བར་སྐུལ་མ་ཐེབས་པ་དང་སྐར་གྲངས་མཐོ་བའི་གློག་བརྙན་གྱིས་དྲ་ཐོག་རིག་གནས་རོལ་རྩེད་ཉོ་ཚོང་བྱེད་ཚད་40%འཕར་བར་སྐུལ་མ་ཐེབས་ཡོད། “མི་ཐབས་རིག་ནུས་ལག་རྩལ་དང་གྲངས་འཛིན་བཟོ་གྲྭ་ཟུང་འབྲེལ”གྱི་རྣམ་པར་བརྟེན་ནས་ཐོན་ལས་འཁོར་འབྲེལ་གྱི་གོང་འོག་འབྲེལ་མཐུད་ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་30%ཙམ་དམའ་རུ་ཕྱིན་པ་དང་། “དྲ་ཐོག་ཚོང་དོན་དང་ཐོན་ལས་དར་ཁུལ་ཟུང་འབྲེལ”གྱིས་མངགས་ཐོ་བསྡུ་ལེན་དང་གྲངས་འཛིན་ཅན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་འབྲིང་ཆུང་གི་ཐོན་སྐྱེད་ལས་ཆོད་35%མཐོ་རུ་ཕྱིན་ཡོད།
མཁོ་སྤྲོད་ཕྱོགས་དང་དགོས་མཁོའི་ཕྱོགས་ཐད་ཀར་འབྲེལ་མཐུད་བྱས་ནས་ནང་ཚོང་རྒྱ་སྐྱེད་བཏང་ཞིང་། སྲིད་གཞུང་དང་ཁེ་ལས་ལག་གདང་སྦྲེལ་ནས་ནང་ཚོང་དང་ཕྱི་ཕྱོགས་ཚོང་དོན་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་པོ་བཏང་བ་དང་། དྲ་ཐོག་ཚོང་དོན་ལས་སྟེགས་བཅུ་ལྷག་ཙམ་གྱིས་མངགས་ཐོ་ཐད་ཀར་ཉོ་སྒྲུབ་དང་། ཕྱི་ཕྱོགས་ཚོང་དོན་གྱི་ཆེད་ཁུལ། རྒྱུགས་འབོར་ལ་རྒྱབ་སྐྱོར་སོགས་བྱེད་ཐབས་ཁག་བརྒྱད་ལ་བརྟེན་ནས་སྤུས་ལེགས་ཕྱི་ཕྱོགས་ཚོང་དོན་ཐོན་རྫས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱེལ་གྱི་ཡོད་པ་རེད།