དུས་ཚིགས་དང་པོར་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ཕྱིར་གཏོང་ནང་འདྲེན་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།
ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་ཟླ་4ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། ཁྲུང་ཆིང་འགག་སྒོ་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོར་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལམ་རྒྱུད་ཀྱི“13+2”ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་བགྲོད་ལམ་གསར་པའི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2000ལས་བརྒལ་ཏེ་དུས་མཚུངས་ལས་10%ལྷག་ཙམ་འཕར་ནས་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།
ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པས་ཁྲུང་ཆིང་དེ་ཉིད་གཉེར་སྐྱོང་རྩ་འཛུགས་ལྟེ་གནས་སུ་བྱེད་པ་དང་། ནུབ་རྒྱུད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་འགག་གནད་དུ་བྱས་ཏེ། ལྕགས་ལམ་དང་། མཚོ་ཐོག་སྐྱེལ་འདྲེན། གཞུང་ལམ་སོགས་སྐྱེལ་འདྲེན་བྱེད་སྟངས་སྤྱད་དེ་ལྷོ་ཕྱོགས་སུ་ཀོང་ཤིས་དང་ཡུན་ནན་སོགས་མཚོ་རྒྱུད་དང་མཐའ་མཚམས་ཀྱི་འགག་སྒོ་བརྒྱུད་འཛམ་གླིང་ས་གནས་ཁག་དང་སྦྲེལ་མཐུད་བྱས་ནས། ནུབ་རྒྱུད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་12དང་ཧའེ་ནན་ཞིང་ཆེན་དང་། དེ་བཞིན་ཀོང་ཏུང་ཀྲན་ཅང་དང་ཧུའུ་ནན་ཧོའེ་ཧྭ་ཚུད་པའི“13+2”ཀྱི་མཉམ་ལས་མཉམ་སྐྲུན་ལམ་སྲོལ་ཆགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།《ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་སྤྱིའི་འཆར་འགོད》ཁྱབ་བསྒྲགས་བྱས་ནས་ལོ་ལྔ་ལྷག་ཙམ་རིང་། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་དེ་རྒྱལ་ཁབ་དང་ས་ཁུལ་127གྱི་གྲུ་ཁ་563དང་སྦྲེལ་མཐུད་ཐུབ་པ་དང་། སྐྱེལ་འདྲེན་དངོས་ཟོག་རིགས་1250ལྷག་ཙམ་ཟིན་པས། དབུས་ནུབ་ས་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་རྒྱུར་སྐུལ་ཁྲིད་བྱེད་བཞིན་ཡོད་པ་རེད།