ཀྲུང་གོའི་སྲོལ་རྒྱུན་གྱི་སྐྱེ་ཁམས་བློ་རིག་དང་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མངོན་པ།
ཏ་པན་འཛམ་གླིང་དངོས་མང་སྟོན་ཚོགས་སུ་ཀྲུང་གོའི་འགྲེམས་ཁང་སྐད་གྲགས་ཆོད་པ།
ཉེ་ཆར། 2025ལོའི་ཏ་པན·ཀོན་ཤིས་འཛམ་གླིང་དངོས་མང་སྟོན་ཚོགས(ཏ་པན་འཛམ་གླིང་དངོས་མང་སྟོན་ཚོགས)དངོས་སུ་འགོ་ཚུགས་པ་དང་། “མི་དང་རང་བྱུང་སྲོག་ཆགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས། ལྗང་མདོག་འཕེལ་རྒྱས་ཀྱི་འབྱུང་འགྱུར་སྤྱི་ཚོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་འགྲེམས་ཁང་བཙུགས་པ་རེད།
སྲོལ་རྒྱུན་རིག་གནས་དང་དེང་རབས་ཚན་རྩལ་གཅིག་ལ་གཅིག་རྒྱན་གྱི་ཀྲུང་གོའི་འགྲེམས་ཁང་འདི་ཉིད་ཏ་པན་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་བཀྲག་མདངས་འཚེར་བའི“ཀྲུང་གོའི་མིང་བྱང”དུ་གྱུར་ཡོད།
ཀྲུང་ཧྭའི་ཤེས་དཔལ་ལས་བྱུང་བའི་སྲོལ་རྒྱུན་གྱི་སྐྱེ་ཁམས་བློ་རིག་མངོན་པ།
ཀྲུང་གོའི་འགྲེམས་ཁང་གིས་རྒྱ་ཁྱོན་སྨི་ངོས་གྲུ་3500ལྷག་ཙམ་བཟུང་ཡོད་པས་དེ་ནི་སྐབས་འདིའི་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་ཕྱི་རྒྱལ་གྱིས་བཙུགས་པའི་འགྲེམས་ཁང་གི་གྲས་ཤིག་རེད། “སྣོད་བཅུད་མཉམ་གནས” “སྔོ་ལྗང་རི་ཀླུང”“ཉམས་མེད་ཡུན་གནས”ཞེས་པའི་འགྲེམས་ཁུལ་3བཙུགས་ནས་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭའི་ཤེས་དཔལ་ལས་བྱུང་བའི་སྲོལ་རྒྱུན་གྱི་སྐྱེ་ཁམས་བློ་རིག་དང་དུས་རབས་གསར་པའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དང་གྲུབ་འབྲས་མངོན་པ་དང་། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་མི་དང་རང་བྱུང་སྲོག་ཆགས་གཅིག་མཐུན་ཚོགས་པ་འཛུགས་པའི་མཛེས་སྡུག་ལྡན་པའི་རེ་འདུན་མངོན་འགྱུར་ཡོང་རེ་བྱས་ཡོད།
རི་པིན་འཛམ་གླིང་དངོས་མང་སྟོན་ཚོགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཀོན་ཤིས་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སུང་པོན་ཀྲེང་དབྱི་ཡིས་གསར་འགོད་པར“ཀྲུང་གོའི་འགྲེམས་ཁང་གིས་ཀྲུང་གོའི་ཕུན་སུམ་ཚོགས་པའི་ལོ་རྒྱུས་དང་རིག་གནས་མངོན་པར་བྱས་པ་ནི་ལྟ་སྐོར་བས་ཀྲུང་གོར་རྒྱུས་ལོན་དང་སློབ་སྦྱོང་བྱེད་པའི་གོ་སྐབས་ཡག་ཤོས་རེད”ཅེས་བཤད། རི་པིན་གྱི་ཇུས་འགོད་པ་ཤན་པོ་ཙུང་ཧའོ་ཡིས་སན་ཤིང་ཏུའེ་རིག་དངོས་འདྲ་བཟོས་དངོས་རྫས་འགྲེམས་སྟོན་ལ་ལྟ་སྐོར་བྱས་རྗེས“ངས་ཀྲུང་གོའི་ལོ་རྒྱུས་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་ཚོར་བྱུང་། སླད་ཕྱིན་ངས་ད་དུང་ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པའི་གོ་སྐབས་འཚོལ་གྱི་ཡིན”ཞེས་བཤད་པ་རེད།
སྐྱེ་ཁམས་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་མཐུན་སྦྱོར་མཉམ་སྤེལ་གྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་མངོན་པ།
སྐྱར་མོ་གདོང་དམར་སྲུང་སྐྱོང་མཉམ་ལས་ནི་ཀྲུང་གོ་དང་རི་པིན་དབར་གྱི་མཛའ་གྲོགས་འབྲེལ་ཐག་གལ་ཆེན་ཞིག་ཡིན་ལ་རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཀྱང་ཡིན། ཀྲུང་གོའི་འགྲེམས་ཁང་སྒོ་ཕྱེ་བའི་མཛད་སྒོར་ཧྲང་ཧའེ་གླུ་གར་ཚོགས་པས་གསར་རྩོམ་ཟློས་གར《སྐྱར་མོ་གདོང་དམར》ཞེས་པ་འཁྲབ་སྟོན་བྱས་པ་རེད། ཟློས་གར་གྱི་སྤྱི་ཁྱབ་རྩོམ་སྒྲིག་འཁྲབ་ཁྲིད་པ་ཐུང་རུའེ་རུའེ་ཡིས་གསར་འགོད་པར“2010ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་རི་པིན་འགྲེམས་ཁང་ནང་ཀྲུང་གོ་དང་རི་པིན་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་སྐྱར་མོ་གདོང་དམར་སྐྱབས་པའི་གཏམ་རྒྱུད་འགྲེམས་སྟོན་བྱས་ཡོད། ལོ་15སོང་རྗེས་སྐྱར་མོ་གདོང་དམར་གྱི་གཏམ་རྒྱུད་ཏ་པན་འཛམ་གླིང་དངོས་མང་སྟོན་ཚོགས་ཐོག་འཁྲབ་སྟོན་བྱས་པར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བཤད་པ་རེད།
ཀྲུང་གོའི་འགྲེམས་ཁང་གི་སྐྲུན་དངོས་ཀྱིས་སྨྱུག་མ་སྤྱོད་རྒྱུར་ཚོད་ལྟ་གང་ལེགས་བྱས་ཡོད། སྨྱུག་མ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་མཚོན་བྱེད་རང་བཞིན་གྱི་གཞི་རྒྱུ་ཞིག་ཡིན་ལ། བསྐྱར་སྐྱེས་ཐུབ་པའི་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་འཛུགས་སྐྲུན་རྒྱུ་ཆ་ཞིག་ཀྱང་ཡིན་པས། སྐབས་འདིའི་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི“སྐྱེ་སྟོབས་ཀྱི་དཔལ་འབར་བའི་འབྱུང་འགྱུར་སྤྱི་ཚོགས་བསམ་བཀོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོ་དང་ཧ་ཅང་འཚམ་པོ་ཡོད། ཏ་པན་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་ཀྲུང་གོའི་འགྲེམས་ཁང་གི་སྲིད་གཞུང་སྤྱི་ཁྱབ་འཐུས་མི་ལི་ཆིང་ཧྲོང་གིས“ཇུས་འགོད་དང་རྒྱུ་ཆ་འདེམས་པ་ནས་ཨར་ལས་གཉེར་སྐྱོང་བར་དང་དེ་ནས་ཚུར་བསྡུ་བེད་སྤྱོད་བར་ཀྲུང་གོའི་འགྲེམས་ཁང་གིས་ཐོག་མཐའ་བར་གསུམ་དུ་ལྗང་མདོག་དང་རྒྱུན་མཐུད་ཆོག་པ་ལྟེ་བའི་འདུ་ཤེས་སུ་བརྩིས་ཏེ‘སྐྱེ་སྟོབས་ཀྱི་དཔལ་འབར་བའི་འབྱུང་འགྱུར་སྤྱི་ཚོགས་བསམ་བཀོད་བྱེད་པའི’ཐད‘ཀྲུང་གོའི་རྒྱུགས་ལན’ཕུལ་ཡོད”ཅེས་བཤད་པ་རེད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་ཤོས་གླེང་བ།
ཀྲུང་གོའི་འགྲེམས་ཁང་གི་ཐོག་སོ་གཉིས་པར་གནས་པའི“ཉམས་མེད་ཡུན་གནས”ཞེས་པའི་འགྲེམས་ཁུལ་ལ་འབྱུང་འགྱུར་གྱི་བསམ་པ་དང་ཚན་རྩལ་གྱི་བསམ་པས་ཁེངས་ཡོད། དེ་གར་ཀྲུང་གོའི་ཟླ་བའི་ལྷ་མོ་ཨང་ལྔ་པ་དང་ཟླ་བའི་ལྷ་མོ་ཨང་དྲུག་པའི་འཚོལ་ཞིབ་ཡོ་ཆས་ཀྱིས་འཁྱེར་ཡོང་བའི་ཟླ་བའི་གོ་ལའི་མ་དཔེ་འགྲེམས་སྟོན་བྱས་པ་དེ་ནི་ལོ་རྒྱུས་ཐོག་ཟླ་བའི་གོ་ལའི་མདུན་ངོས་དང་རྒྱབ་ངོས་ཀྱི་ས་རྒྱུའི་མ་དཔེར་ཐག་ཉེ་ས་ནས་ཞིབ་བསྡུར་འགྲེམས་སྟོན་བྱེད་ཐེངས་དང་པོ་དེ་རེད། ས་གནས་དེ་གའི་ལྟད་མོ་བ་ཏུང་ཧྥང་ཅེ་ཤང་གིས་གསར་འགོད་པར“སྔོན་ཆད་བརྙན་འཕྲིན་གསར་འགྱུར་ནང་མཐོང་ཐུབ་པའི་འགྲེམས་རྫས་དག་ཀྲུང་གོའི་འགྲེམས་ཁང་ནས་དངོས་སུ་མཐོང་ཐུབ་པས་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་བཤད་པ་རེད།
“ཀྲུང་གོའི་འགྲེམས་ཁང་ཧ་ཅང་ཡག་པོ་འདུག ངས་ནང་མི་འཁྲིད་དེ་སླར་ཡང་ལྟ་སྐོར་ལ་ཡོང་གི་ཡིན། རི་པིན་དང་ཀྲུང་གོའི་འབྲེལ་བ་ནི་རི་པིན་གྱི་ཕྱོགས་གཉིས་འབྲེལ་བ་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། རྒྱལ་ཁབ་ཁག་གི་དཔྱོད་ལྡན་པ་ཚོས་ཏ་པན་འཛམ་གླིང་དངོས་མང་སྟོན་ཚོགས་འགོ་འཛུགས་སར་བྱས་ནས་གསར་གཏོད་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་སྐྱེ་སྟོབས་ཀྱི་དཔལ་འབར་བའི་འབྱུང་འགྱུར་སྤྱི་ཚོགས་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་རི་པིན་འཛམ་གླིང་དངོས་མང་སྟོན་ཚོགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རི་པིན་དཔལ་འབྱོར་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཧྲི་ཚང་ཡ་ཧོ་ཡིས་བཤད་པ་རེད།
རྒྱལ་སྤྱིའི་འགྲེམས་སྟོན་ཅུས་ཀྱི་དྲུང་ཆེ་ཏི་སྨི་ཐེ་ལི·ཁེར་ཁེན་ཙེ་སི་ཡིས། ཀྲུང་གོའི་འགྲེམས་ཁང་དེ་སྐབས་འདིའི་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་བརྗོད་དོན་གཙོ་བོ་དང་ཧ་ཅང་མཐུན་ཞིང་། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་པའི་ཀྲུང་གོས་ཇི་ལྟར་བྱས་ནས་འཕེལ་རྒྱས་གསར་གཏོད་བྱེད་པ་དང་འབྲེལ། འབྱུང་འགྱུར་སྤྱི་ཚོགས་ལ་ཐག་གཅོད་ཇུས་གཞི་མཁོ་འདོན་བྱེད་ལུགས་མི་རྣམས་ཀྱིས་ཤེས་རྟོགས་ཐུབ་ཡོད། ཀྲུང་གོའི་འགྲེམས་ཁང་ནས་ཀྲུང་གོས་འཛམ་གླིང་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཧུར་ཐག་གཏོད་རྒྱུའི་བློ་བརྟན་འགྱུར་མེད་ཀྱི་འདོད་བློ་མངོན་པར་བྱས་ཡོད་ཅེས་བཤད་པ་རེད།