གྲངས་འཛིན་ལག་རྩལ་གྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བ་ནས་ཨེ་ཤེ་ཡ་ལྷོ་མའི་གྲངས་འཛིན་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་བར།
གྲངས་འཛིན་རླབས་རྒྱུན་གྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།
“དེ་སྔ་འབྲི་གཡག་འཚོལ་བར་དུས་ཚོད་རིང་པོ་འགོར་གྱི་ཡོད། ད་ལྟ་འཚོལ་བཤེར་ཡོ་བྱད་བསྣན་ཙམ་བྱས་ན་གང་དུ་ཡོད་མིན་ཤེས་ཐུབ་ལ། འབྲི་གཡག་གི་སྐྱེ་འཚར་གྲངས་གཞི་དང་ལྷས་རའི་ཁོར་ཡུག་ལའང་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཐུབ”ཅེས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཉི་མ་ཤང་དམར་ཆག་གྲོང་ཚོའི་གྲོང་མི་ཚེ་རིང་གྲགས་པས་དགའ་ཚོར་ཆེན་པོས་གསར་འགོད་པར་གྲངས་འཛིན་གྲོང་གསེབ་མ་ལག་གི་ནུས་པ་ངོ་སྤྲོད་བྱས། ཀྲུང་གོ་གློག་འཕྲིན་ནག་ཆུ་ཡན་ལག་ཀུང་སིས་བསྐྲུན་པའི་གྲངས་འཛིན་གྲོང་གསེབ་རྣམ་གྲངས་དངོས་སུ་ལེགས་གྲུབ་བྱུང་བ་དང་ཆབས་ཅིག དམར་ཆག་གྲོང་ཚོར་སྔར་བྱུང་མྱོང་མེད་པའི་སྟབས་བདེ་དང་ཕན་འབྲས་ཆེན་པོ་ཐོབ་ཡོད།
དམར་ཆག་གྲོང་ཚོའི་འགྱུར་ལྡོག་ནི་བོད་ཀྱི་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་གྱི་བསྡུས་རིས་ཙམ་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བ་དང་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་བྱེད་སྟངས་དང་། འཚོ་བ་སྐྱེལ་སྟངས། བཅོས་སྐྱོང་བྱེད་སྟངས་བཅས་ཕྱོགས་ཡོངས་ནས་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།
ད་ཆ། ཐག་རིང་གི་འབྲོག་ཁུལ་ནས་དར་རྒྱས་ཆེ་བའི་གྲོང་ཁྱེར་དང་གྲོང་རྡལ་བར་འཕྲིན་གཏོང་དྲ་རྒྱ་ཡོངས་སུ་ཁྱབ་ནས་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུའང་གྱུར་ཡོད།
འཕྲིན་གཏོང་འཛུགས་སྐྲུན། “བརྡ་རྟགས་རིམ་སྤོར”ནས“དྲ་ཆེན་མཐའ་མཚམས་སུ་ཁྱབ་པ”
“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། རང་ལྗོངས་ཀྱི་འཕྲིན་གཏོང་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། “བརྡ་རྟགས་རིམ་སྤོར”ནས“དྲ་ཆེན་མཐའ་མཚམས་སུ་ཁྱབ་པའི”བར་ལག་བསྟར་ཇུས་གཞི་རབ་དང་རིམ་པ་རྩ་བ་ཚུགས་ཐུབ་ནས་ལྗོངས་ཡོངས་ཀྱི་དྲ་རྒྱ་ཁྱབ་པའི་ཆུ་ཚད་ལོ་རེ་བཞིན་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐག་རིང་ལུང་ཁུག་ས་ཁུལ་དུ་རྒྱུན་ཆད་མེད་པར་སྣུར་སྲིང་ཐུབ་ཡོད།
2021ལོར། བོད་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར“གྲོང་ཚོ་ཡོངས་ལ་དྲ་ཆེན་སྦྲེལ་མཐུད”ཐུབ་ཡོད། 2023ལོའི་ཟླ་9པར། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་རྒོད་མོ་ཤང་ལ་5Gསྦྲེལ་ཚུགས་བསྐྲུན་ཏེ་ཤར་གཏོང་ཐུབ་པའི་ཐོག་ནས་བོད་ཀྱི་ཤང་དང་གྲོང་རྡལ་ཚང་མར་5Gདྲ་རྒྱ་ཤར་གཏོང་ཐུབ་པ་མཚོན་ཡོད།
2024ལོའི་ཟླ་3པར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་2023ལོའི་ཀྲའོ་སྟོང་གི་གྲོང་ཁྱེར་འཛུགས་སྐྲུན་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། ལྷ་ས་གྲོང་ཁྱེར་འདི་ཉིད་མིང་གྲལ་དུ་ཚུད་པའི་བོད་ཀྱི་གྲོང་ཁྱེར་དང་པོ་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་ཀྲའོ་སྟོང་གི་གྲོང་ཁྱེར་བདེ་བླག་ངང་འཛུགས་གཏོད་བྱས་ཡོད།
མིག་སྔའི་བར། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་5Gསྦྲེལ་ཚུགས་ཁྲི་1.8ལྷག་ཙམ་བསྐྲུན་ནས་ཤར་གཏོང་ཐུབ་པ་དང་། མི་ཁྲི་རེར་5Gསྦྲེལ་ཚུགས་གྲངས་49.7ཡོད་པ། སྲིད་འཛིན་གྲོང་ཚོར་5Gསྦྲེལ་ཚུགས་ཤར་གཏོང་ཐུབ་ཚད་87%ཟིན་ཡོད། 5Gསྤྱོད་མཁན་ཁྱབ་གདལ་གཏོང་ཚད་59.3%ཟིན་པ་དང་། མཐའ་མཚམས་རྫོང་21ལ་5Gདང་ཀྲའོ་སྟོང་གི་འོད་དྲ་ཤར་གཏོང་ཐུབ་པ། མཐའ་མཚམས་ཤང་དང་གྲོང་རྡལ་164ཡི་གནས་ཡུལ་ཚང་མར་5Gཤར་གཏོང་ཐུབ་པ། ཤང་དང་གྲོང་རྡལ་92ལ་ཀྲའོ་སྟོང་གི་འོད་དྲ་ཤར་གཏོང་ཐུབ་པ་བཅས་བྱུང་ཡོད།
གྲངས་འཛིན་ཞབས་ཞུ། མི་དམངས་ལྟེ་བར་འཛིན་པའི་དྲོ་སྐྱིད་ཀྱི་ལག་ལེན།
དྲ་རྒྱའི་མྱུར་ཚད་མགྱོགས་སུ་དང་གྲོན་དངུལ་དམའ་རུ་གཏོང་བ་དང“དྲ་སྦྲེལ+”ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་ཏུ་བཏང་བ་དང་བསྟུན་ནས། བོད་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་མྱུར་པོ་བྱུང་སྟེ་ཞིང་ལས་ཐོན་རྫས་ཕྱི་ཕྱོགས་སུ་འཚོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་གྲངས་གཞི་ལས་མངོན་པར། 2024ལོར། བོད་ཀྱི་གྲོང་གསེབ་ཀྱི་དྲ་ཐོག་སིལ་ཚོང་གྲངས་འབོར་སྒོར་དུང་ཕྱུར་44.8ཟིན་པ་དེ་དུས་མཚུངས་ལས་29.3%འཕར་ནས། རྒྱལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་21.1གིས་མཐོ་ལ། ཞིང་ལས་ཐོན་རྫས་ཀྱི་དྲ་ཐོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་8.2ཟིན་པ་དང་དངོས་ཟོག་སིལ་ཚོང་བྱེད་ཚད་ཁྲི་600ཙམ་ཟིན་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ལས་རིགས་ཆ་འཕྲིན་ཅན་གྱི་ལེགས་ཆ་བཏོན་ནས་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་བཏང་སྟེ་དྲ་རྒྱ་དང་མི་སེར་གྱི་འཚོ་བ་སྔར་བས་མཉམ་འདྲེས་ཐུབ་ཡོད། རང་ལྗོངས་ཀྱི་རྨང་གཞིའི་གློག་འཕྲིན་ཁེ་ལས་ཁག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཕོད་པར་བྱས་ནས་དབུལ་སྒྲོལ་དུད་ཚང་དང་། དབང་པོ་སྐྱོན་ཅན། རྒན་རྒོན་བཅས་ཀྱི་ཚོགས་སྤྱིར་གྲོན་དངུལ་དམའ་རུ་གཏོང་བའི་ལས་དོན་གནད་སྨིན་སྤེལ་ཏེ། ཆ་འཕྲིན་འཕྲིན་གཏོང་ལས་རིགས་འཕེལ་རྒྱས་ཀྱི་ཁེ་སྤོགས་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཐོབ་པར་བྱས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཀྱང་དྲ་རྒྱའི་ཞབས་ཞུ་སྤུས་ལེགས་སྤྱོད་ཐུབ་སྟེ། འཕྲིན་གཏོང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དྲང་གཞག་གི་ཕན་པ་ཐོབ་པར་བྱས་ཡོད།
ས་མཐོའི་ཕུགས་འདུན། རྒྱལ་ཁབ་ཀྱི་འཐབ་ཇུས་ནང་འདྲེས་པའི་གྲངས་འཛིན་འཆར་གཞི།
རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག བོད་ཀྱི་འཕྲིན་གཏོང་བྱ་གཞག་དེ་བས་མཐོངས་ཡངས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། མིག་སྔར། བོད་ཀྱིས་ལྷ་སའི་རྒྱལ་ཁབ་རིམ་པའི་དྲ་སྦྲེལ་རྐང་འཛིན་ཐད་སྦྲེལ་ས་ཚིགས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། རྐང་འཛིན་ཐད་སྦྲེལ་ས་ཚིགས་ཀྱིས་བོད་དང་རྒྱལ་ཁབ་ཀྱི་ལྟེ་གནས་སྦྲེལ་ཚིགས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ལྗོངས་ཡོངས་ཀྱི་དྲ་སྦྲེལ་གྱི་ནུས་པ་ལེགས་སུ་གཏོང་བ་དང་། དྲ་སྦྲེལ་ཐོན་ལས་ལྗོངས་ཡོངས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ། བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”འདུ་འགོད་ནང་མགྱོགས་མྱུར་མཉམ་འདྲེས་བྱ་རྒྱུར་རོགས་རམ་བཅས་བྱས་ཏེ། བོད་ཀྱི་གྲངས་འཛིན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བར་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད་ཅེས་བཤད་པ་རེད།
འདི་ལོར་བོད་གྱིས“ཀྲའོ་སྟོང་གཉིས”ཀྱི་དྲ་རྒྱའི་འཛུགས་སྐྲུན་མགྱོགས་སུ་བཏང་ནས། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་གྲོང་ཁུལ་དུ་5G-Aདྲ་རྒྱ་ཡོངས་ཁྱབ་ཐུབ་པ་དང་། ཀྲའོ་སྟོང་གི་འོད་དྲ་ཤང་དང་གྲོང་རྡལ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྲིད་འཛིན་གྲོང་ཚོར་5Gཤར་གཏོང་ཐུབ་ཚད་90%ལྷག་ཙམ་ཟིན་པའི་བརྩོན་ལེན་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་བོད་ཀྱིས་གཞི་ཁྱོན་ཅན་གྱི་5Gཉེར་སྤྱོད་ཀྱི“གྲུ་གཡོར་སྒྲེང་བའི”བྱ་སྤྱོད་མུ་མཐུད་སྤེལ་ནས། ས་མཐོའི་ཁྱད་ལྡན་ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་སྤྱི་པའི་ཞབས་ཞུ་གྲངས་འཛིན་ཅན་གྱི་ཀུན་ཕན་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། གྲངས་འཛིན་ལག་རྩལ་གྱིས་མང་ཚོགས་ཀྱི་འཚོ་བར་ཞབས་འདེགས་དང་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་དེ་བས་ལེགས་པོ་ཐུབ་པར་བྱ་རྒྱུ་རེད།
ད་ལྟའི་བོད་ཀྱི་ཞིང་འབྲོག་ཁུལ་དུ་སྦྲ་གུར་ལས་འཕྱུར་བའི་དུ་བ་དང་5Gསྦྲེལ་ཚུགས་ཀྱི་བརྡ་རྟགས་མཐོ་ལྕོག་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་གནས་ནས། སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་དང་དེང་རབས་ཤེས་དཔལ་གྱི་ངོ་མཚར་མཉམ་འདྲེས་ཐུབ་ཅིང་། ས་མཐོའི་གྲངས་འཛིན་གྱི་རླབས་རྒྱུན་འདིས་གངས་ལྗོངས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲངས་འཛིན་གྱི་སྒུལ་ཤུགས་ཆེན་པོ་སྣོན་བཞིན་མཆིས།