ཞི་ཅིན་ཕིང་གིས་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་དང་གྲོས་མོལ་གནང་བ།
ཟླ་4ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་དང་གྲོས་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ལུའུ་ཐུའོ་དང་སྐུ་ཟླ་ལེ་ཆེར་དང་ལྷན་བཞུགས་སྐུ་པར་བསྐྱོན་པ།
ཟླ་4ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་དུ་ལུའུ་ཐུའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་ཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བ་དེ་དུས་རབས་གསར་པའི་ཀྲུང་ཁེན་ལས་དབང་གཅིག་མཐུན་ཚོགས་པར་མཐོར་འདེགས་བྱ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་62སོང་རིང་། ཀྲུང་གོ་དང་ཁེན་ནི་ཡ་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ཀྱི་སྙིང་སྟོབས་དང་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད། ཀྲུང་གོ་དང་ཁེན་ནི་ཡའི་འབྲེལ་བ་དེ་དུས་རབས་གསར་པའི་ཀྲུང་ཁེན་ལས་དབང་གཅིག་མཐུན་ཚོགས་པར་མཐོར་འདེགས་བྱ་རྒྱུ་དེ་ནི་ཕྱོགས་གཉིས་པོའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཁེན་ནི་ཡ་ཕྱོགས་དང་མཉམ་དུ་ལོ་རྒྱུས་ཀྱི་རླབས་རྒྱུན་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོར་བསྟུན་ནས་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པའི་དཔེ་མཚོན་བཏོད་དེ་ཀྲུང་ཧྥེའི་འབྲེལ་བའི་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་མཉམ་ལས་ལ་སྣེ་ཁྲིད་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ནི་ཕན་ཚུན་བརྩི་འཇོག་དང་། ལྟ་སྟངས་འདྲ་མཉམ། གཉིས་ཁེ་གཉིས་ཕན། ཕྱར་བ་གྲུ་འདེགས་བཅས་ཀྱི་ཡང་དག་པའི་ལམ་ཆེན་ཞིག་རེད། ཀྲུང་གོ་དང་ཁེན་ནི་ཡ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱ་རྒྱུར་ཕན་ཚུན་མུ་མཐུད་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། རྒྱལ་ཁབ་དེ་རང་གི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་ལམ་བུར་མཉམ་དུ་སྐྱོད་མཁན་དང་གྲོགས་པོ་བློས་ཐུབ་ཅིག་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཡིན་པས། སྲིད་ཇུས་འབྲེལ་གཏུག་རྒྱུན་རྣམ་ཅན་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་ཚད་མཐོ་བའི་ཕན་ཚུན་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། རྒྱུན་མཐུད་ཆོག་པའི་ཚོང་དོན་ཤར་གཏོང་ལ་སྐུལ་འདེད་གཏོང་བ། སྣ་མང་ཅན་གྱི་མ་དངུལ་མཉམ་འདྲེས་འཚོལ་ཞིབ། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་དང་དམངས་སེམས་འབྲེལ་མཐུད་རྒྱུན་མཐུད་བཅས་བྱས་ཏེ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྣེ་ཁྲིད་པ་ཞིག་བྱེད་དགོས། ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་ཐོག་མཐའ་བར་གསུམ་དུ་ཁེན་ནི་ཡའི་སྤུས་ལེགས་ཐོན་རྫས་ལ་སྒོ་མོ་ཕྱེ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྟོབས་དང་ལྡན་པའི་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཁེན་ནི་ཡར་མ་འཇོག་ལས་གཉེར་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་བྱེད་ཀྱི་ཡོད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ཀྲུང་གོ་དང་ཁེན་ནི་ཡ་རྒྱལ་ཁབ་གཉིས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཛམ་གླིང་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་འོད་ཟེར་ལྡན་པའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོས་ཨ་ཧྥེ་རི་ཁར་འཛིན་པའི་ལྷག་བསམ་རྣམ་དག་གི་སྲིད་ཇུས་ཀྱི་འདུ་ཤེས་དང་། ཀྲུང་ཧྥེའི་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་སྐྱོང་གི་ཐོག་མའི་བསམ་འདུན། ཀྲུང་ཧྥེའི་མཉམ་ལས་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་བཅས་ལ་འགྱུར་ལྡོག་འགྲོ་མི་སྲིད། ཀྲུང་གོ་ནི་ཁ་བཤད་ཚིག་གནས་དང་ལག་ལེན་དོན་ལ་འཁྱོལ་མཁན་ཞིག་ཡིན་པས། ཁེན་ནི་ཡ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་ཀྱིས་དེ་བས་མང་བའི་འབྲས་བུ་སྔ་ཙམ་ཐོབ་པ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པར་བྱས་ཏེ་ཀྲུང་ཧྥེའི་མཉམ་འབྲེལ་རང་སྟོབས་དང་མཐུན་སྒྲིལ་མཉམ་ལས་ཀྱི་དུས་རབས་ཀྱི་འབོད་སྒྲ་མུ་མཐུད་དུ་བསྒྲགས་ནས་སྤུས་ཚད་མཐོ་བའི་ཀྲུང་ཧྥེའི་མཉམ་ལས་ལ་བརྟེན་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒོ་ཁྲལ་གྱི་འཁྲུག་རྩོད་དང་ཚོང་དོན་གྱི་འཁྲུག་རྩོད་ལ་རྒྱལ་ཁ་ཐོབ་མཁན་མེད། ཀྲུང་གོས་རྙོག་དྲ་བཟོ་མི་སྲིད་ལ་རྙོག་དྲ་བཟོ་མཁན་ལའང་སྐྲག་མི་སྲིད། འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་བྱས་ཏེ་འགྲན་སློང་སྣ་ཚོགས་ལ་ཁ་གཏད་བཅག་ནས་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་དང་། རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་བཅས་ལ་སྲུང་སྐྱོང་བྱེད་འདོད་ཡོད།
ལུའུ་ཐུའོ་ཡིས་གསུངས་དོན། ཁེན་ཀྲུང་གིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ངང་ཕན་ཚུན་ལྟ་སྟངས་འཛིན་པ་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཐུན་མོང་གི་རེ་འདོད་ལྡན་པ། མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་བཅས་བྱས་ནས་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་ཡིན། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཁེན་ནི་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་རང་བྱུང་གནོད་འཚེར་ཁ་གཏད་གཅོག་ཆེད་སྒེར་སེམས་མེད་པའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། མོང་ནེའི་ལྕགས་ལམ་སོགས“རྒྱུད་གཅིག་ལམ་གཅིག”རྣམ་གྲངས་ཀྱིས་ཁེན་ནི་ཡའི་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ཕྱོགས་ཡོངས་ནས་འབྲེལ་མཐུད་བྱེད་པ། ཚོང་དོན་དང་། མ་འཇོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་། རིག་གནས། ཡུལ་སྐོར་བཅས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ། རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྱུང་འགྱུར་དེ་བས་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་ཧྥེའི་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁའི་ཞི་བདེ་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པས་ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད། ཚོང་དོན་འཁྲུག་རྩོད་ཀྱིས་ད་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་ལམ་ལ་གཏོར་བཤིག་བཏང་ཡོད། མིག་སྔའི་ཡམ་ཡོམ་གྱི་དུས་བབ་ཁྲོད་ཀྲུང་གོས་བརྟན་ལྷིང་གི་ཡོ་བྱད་ལྟ་བུའི་ནུས་པ་བཏོན་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པར་ཁེན་ནི་ཡ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ཁེན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་ལག་བསྟར་བྱེད་འདོད་ཡོད།
གྲོས་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། མཐོ་གསར་ཚན་རྩལ། མི་ཆོས་རིག་གནས་སྤེལ་རེས། དཔལ་འབྱོར་ཚོང་དོན། གསར་འགྱུར་སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་20ལ་མིང་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་རེད།
ཕྱོགས་གཉིས་པོས《དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པའི་དཔེ་མཚོན་གཏོད་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁེན་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་དུ་ལུའུ་ཐུའོ་དང་སྐུ་ཟླ་ལེ་ཆེར་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
ལུའུ་ཐུའོ་འབྱོར་སྐབས། གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་རེད། ཞི་ཅིན་ཕིང་དང་ལུའུ་ཐུའོ་གཟིགས་སྟེགས་སུ་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཁེན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ལུའུ་ཐུའོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་མིའི་རུ་སྟར་ལའང་གཟིགས་པ་རེད།
ཉིན་དེའི་ཉིན་གུང་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ལུའུ་ཐུའོ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་གནང་བ་རེད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།