དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་6.4%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-25

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་4ཚེས་21ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཆ་འཕྲིན་ཁོངས་གཏོགས་ཀྱིས“རེའུ་མིག་གཅིག་དང་། གསལ་ཐོ་གཅིག རི་མོ་གཅིག ལམ་སྲོལ་གཅིག”དོན་འཁྱོལ་གཏིང་ཟབ་བྱས་ནས་ལྟ་ཞིབ་བཀོད་གཏོང་དང་། ལས་འགོ་ཚུགས་པ་དང་ཐོན་སྐྱེད་སླར་གསོ། ཁེ་ལས་སུ་བསྐྱོད་དེ་ཞབས་འདེགས་ཞུ་བ། གཞི་ཁྱོན་ཆེ་རུ་བཏང་ནས་མ་ལག་ནང་འཇུག་པ་བཅས་ལ་རྒྱུན་མཐུད་ཤུགས་བརྒྱབ་པ་དང་། “1+4+10”ཡི་ལས་ཀའི་ལམ་སྲོལ་གསར་གཏོད་ཀྱིས་བཙུགས་ཤིང་། ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་དང་། དགོས་མཁོ་རྒྱ་ཆེར་གཏོང་བ། སྔོན་དཔག་བརྟན་དུ་གཏོང་བ། “ཁེ་ལས་སུ་བསྐྱོད་ནས་ཞབས་འདེགས་ཞུ་བ་དང་ས་ཡུལ་དངོས་སུ་གཞུང་ལས་སྒྲུབ་པའི”བྱ་སྤྱོད་གཙོ་རྐང་དུ་འཛིན་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་ལེགས་ཕྱོགས་སུ་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་བཏང་བས། དུས་ཚིགས་དང་པོར། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་6.4%འཕར་ཡོད་པ་རེད།

    འདི་ལོ་ཚུན་དུ། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་བརྟན་པོར་འཕར་བ་དེ་བས་མངོན་གསལ་དོད་པའི་གནས་སུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཞིང་ཆེན་རིམ་པའི་འགོ་ཁྲིད་39ཡིས་གཙོ་གནད་ཁེ་ལས་39དང་རེ་རེ་བཞིན་འབྲེལ་མཐུད་འབྲེལ་གཏུག་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་པ་དང་། ཁེ་ལས་ཀྱི་གནད་དོན་དང་རེ་ཞུ་དུས་ཐོག་ཏུ་ཁོང་དུ་ཆུད་པ། འཐབ་ས་དང་པོར་བསྐྱོད་དེ་ཆེད་དོན་ཞིབ་འཇུག་བྱེད་པ། རྗེས་སྙེག་དང་དོན་འཁྱོལ་ལ་དམ་འཛིན། སྣེ་ཁྲིད་དེ་ཁེ་ལས་ལ་ཞབས་ཞུ་དང་སྲིད་ཇུས་དྲིལ་བསྒྲགས་བཅས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཁེ་ལས་ལ་ཕན་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། ཁེ་ལས་17གྱི་བསམ་འཆར་དང་གྲོས་འགོ་60ཚང་མ་འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་མཐུན་སྦྱོར་དོན་འཁྱོལ་དང་སྒྲུབ་གཉེར་བྱེད་པར་རྩིས་སྤྲད་ནས། གཙོ་གནད་ཁེ་ལས་འཕེལ་རྒྱས་བརྟན་པོ་དང་སྐྱོན་བྲལ་ཡོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ལ་ཁྲོམ་ར་རྒྱ་སྐྱེད་དང་ཐོན་ལས་སྟོབས་ཆེར་གཏོང་རོགས་བྱས་པ་རེད།

    མཚོ་སྔོན་ཞིང་ཆེན་གྱི་ཚོང་འགུགས་མ་འདྲེན་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཆ་འཕྲིན་ཁོངས་གཏོགས་ཀྱིས་བྱ་ཐབས་ཁག་23ལ་དམིགས་ནས། གྲོང་ཁྱེར་དང་ཀྲོའུ་ཁག་གི་བཟོ་ལས་ཆ་འཕྲིན་སྡེ་ཚན་ལ་གཙོ་གནད་ཐོན་ལས་འཁོར་འབྲེལ་གྱི་བསྟར་བསྒྲིགས་རི་མོ་བཟོ་བར་ཁྲིད་སྟོན་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི་ཚོང་འགུགས་རྣམ་གྲངས་མཛོད་འཛུགས་པ། དམིགས་ཚད་ཁེ་ལས་གསེད་བཀྲོལ་གཏན་འཁེལ། གཙོ་གནད་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཇུས་འགོད་བཅས་བྱས་ཡོད། དུས་ཚིགས་དང་པོར། གྲོང་ཁྱེར་དང་ཀྲོའུ་ཁག་གི་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་རུ་སྣེ་ཁྲིད་དེ་ཚོང་འགུགས་ཐེངས་16བྱེད་པར་བསྐྱོད་ནས། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་གན་རྒྱ་ཁག་111བཞག་པ་དང་། གན་འཇོག་དངུལ་གྲངས་སྒོར་དུང་ཕྱུར་1080.7ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།