ཁམ་ཕུ་ཁྲེ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།
—— ཁམ་ཕུ་ཁྲེའི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་དོན་འཚམས་འདྲི་གནང་བར་ཚད་མཐོའི་གདེང་འཇོག་བྱས་པ།
ཟླ་4ཚེས་17ནས་18ཉིན་བར། གདན་ཞུས་ལྟར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་གནང་བ་རེད། འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་ཤིས་ཧཱ་མུའུ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་དང་སོ་སོར་མཇལ་འཛོམས་གནང་བ་དང་། མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་དང་མཇལ་འཛོམས་གནང་བ། དབུ་བཞུགས་བློན་ཆེན་ཧུང་མ་ནའེ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཕྱོགས་གཉིས་པོས་མཉམ་ལས་ཡིག་ཆ་30ལྷག་ཙམ་བརྗེ་རེས་བྱས་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད། ཕྱོགས་གཉིས་པོས་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད།
འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་ཁམ་ཕུ་ཁྲེའི་ལས་རིགས་ཁག་གི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ད་ཐེངས་ཀྱི་འཚམས་འདྲི་ནི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་ཞིག་ཡིན་ཞིང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་ལས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་འགྱུར་མེད་ཀྱི་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུ་དང་ཁམ་ཕུ་ཁྲེ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད་ཅེས་བརྗོད།
“ཁམ་ཕུ་ཁྲེ་དང་ཀྲུང་གོའི་འབྲེལ་བའི་ལམ་ཚད་རྡོ་རིང་གསར་པ་ཞིག་ཏུ་གྱུར་ཡོད”
ཁམ་ཕུ་ཁྲེའི་ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨའེ་སང་ཨའོ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་འཚམས་འདྲི་གནང་བ་ལས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་དབར་གྱི་འགྱུར་མེད་བློས་ཐུབ་ཀྱི་མཛའ་གྲོགས་ཟབ་ཏུ་ཕྱིན་པ་དང་། ཁམ་ཕུ་ཁྲེའི་དམངས་ཚོགས་ཀྱིས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལས་བྱུང་བའི་བདེ་སྐྱིད་དངོས་སུ་ཚོར་ཡོད། “ཁམ་ཕུ་ཁྲེ་དང་ཀྲུང་གོའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ལས་དུས་རབས་གསར་པར་འོད་ཟེར་དེ་བས་ཆེ་བ་འཕྲོ་རྒྱུ་རེད”ཅེས་བརྗོད།
ཁམ་ཕུ་ཁྲེའི་ཡུལ་སྐོར་པུའི་བློན་ཆེན་ཧུའུ་ཧའེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཁམ་ཕུ་ཁྲེར་འཚམས་འདྲི་གནང་བ་དང་འབྲེལ་ཁམ་ཕུ་ཁྲེ་ཕྱོགས་ཀྱི་འགོ་ཁྲིད་པ་དང་བྱམས་བརྩེའི་སྤེལ་རེས་གནང་བ་ལས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་དབར་གྱི་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་ཕྱོགས་གཉིས་པོའི་བློ་བརྟན་འགྱུར་མེད་ཀྱི་མཛའ་གྲོགས་ར་འཕྲོད་བྱུང་བ་མ་ཟད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་འཐབ་ཇུས་ཀྱི་སྣེ་ཁྲིད་བྱས་པ་ཡང་མངོན་པས། ཁམ་ཕུ་ཁྲེ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་འགོ་ཚུགས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཡིད་ཆེས་དང་རེ་བ་དེ་བས་མང་བ་སྦྱིན་རྒྱུ་རེད་ཅེས་བརྗོད།
“རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་དཔེ་མཚོན་བཏོད་ཡོད”
འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་ཡིས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བའི་ངེས་གནས་དེ་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པར་རིམ་སྤོར་བྱས་པའི་ཁྱབ་བསྒྲགས་གནང་བ་རེད། དེ་ནི་ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་དུས་དང་རྣམ་པ་ཀུན་གྱི་མཐོ་ཚད་དུ་རིམ་སྤོར་བྱེད་ཐེངས་དང་པོ་ཡིན་ལ། ཕྱོགས་གཉིས་ཀྱི་ངོས་ནས་བཙུགས་པའི་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པ་ཐོག་མ་དེའང་རེད།
ཁམ་ཕུ་ཁྲེའི་གོང་མ་ཚང་ཚན་རིག་ཁང་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཅིན་ཕིང་གིས“ཁམ་ཕུ་ཁྲེ་དང་ཀྲུང་གོའི་འབྲེལ་བའི་ངེས་གནས་རིམ་སྤོར་ཁྱབ་བསྒྲགས་བྱེད་སྐབས་དེ་ནི་ད་ཐེངས་ཀྱི་འཚམས་འདྲིའི་བཀྲག་མདངས་ཆེ་ཤོས་རེད། ཁམ་ཕུ་ཁྲེ་ནི་ཀྲུང་གོ་དང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་བྱ་སྤྱོད་འཆར་གཞིར་མིང་རྟགས་འགོད་མཁན་རྒྱལ་ཁབ་ཐོག་མ་དེ་ཡིན་པ་དང་། རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་ཀྱི་རིམ་ངོས་ནས་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པ་སྔོན་ལ་བཙུགས་པ་དེ་ཐོག་ནས་ཁམ་ཕུ་ཁྲེ་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མདུན་གྲལ་དུ་སྐྱོད་པ་མཚོན་ཡོད། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་དང་། མི་ཆོས་རིག་གནས་སྤེལ་རེས་ཉིན་རེ་བཞིན་མང་དུ། ཁྱབ་ཁོངས་ཁག་གི་འབྲེལ་བ་སྔར་བས་ཟབ་ཏུ་བཅས་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངེས་གནས་རིམ་སྤོར་བྱས་པ་དེས་ཕྱོགས་གཉིས་པོའི་རིམ་པ་ཁག་གི་མཉམ་ལས་ལ་སྒུལ་ཤུགས་དེ་བས་མང་བ་སྣོན་རྒྱུ་རེད”ཅེས་བརྗོད།
“ས་ཁོངས་ཀྱི་སྤྱི་ཡོངས་འཕེལ་རྒྱས་ལ་དྲང་ཕྱོགས་ཀྱི་སྣེ་ཁྲིད་ནུས་པ་ཐོན་ཡོད”
འཚམས་འདྲི་གནང་རིང་། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཕྱོགས་གཉིས་པོས་མཉམ་ལས་ཡིག་ཆ་37ལ་མིང་རྟགས་བཀོད་པའི་ནང་ཐོན་ལས་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་དང་། མི་ཐབས་རིག་ནུས། འཕེལ་རྒྱས་རོགས་སྐྱོར། འགག་སྒོའི་ཞིབ་དཔྱད་ནད་བཤེར། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཚུད་ཡོད་པ་རེད།
ཁམ་ཕུ་ཁྲེའི་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཉེ་ཀྲན་ཏ་ལི་ཡིས“འཕེལ་རྒྱས་གཏོང་རྒྱུ་ནི་ཁམ་ཕུ་ཁྲེའི་དགོས་མཁོ་ཆེ་ཤོས་ཡིན་ལ། ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཉམ་ལས་ཀྱི་ཐུན་མོང་གི་དམིགས་ཡུལ་ཡང་ཡིན།‘བཟོ་ལས་འཕེལ་རྒྱས་ཀྱི་ཁྱམས་རིང’དང‘མཚོ་ཟས་ཆུ་འབྲས་ཀྱི་ཁྱམས་རིང’བཅས་མཉམ་ལས་འཆར་འགོད་གཉིས་ཀྱིས་ཁམ་ཕུ་ཁྲེར་དེང་རབས་ཅན་གྱི་བཟོ་ལས་ཐོན་སྐྱེད་ཀྱི་མཐོ་ས་སྐྲུན་པ་དང་ཞིང་ལས་ཚན་རྩལ་ཅན་དང་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རམ་འདེགས་ཐུབ་ནས། ཁམ་ཕུ་ཁྲེའི་རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་འགྲོ་ངེས་རེད”ཅེས་བརྗོད།
ཁམ་ཕུ་ཁྲེའི་ཚོང་དོན་པུའུ་ཡི་རྒྱལ་དོན་དྲུང་ཡིག་པིན་སུའོ་ཝེ་ཅིས“ཐུན་མོང་འཕེལ་རྒྱས་བཏང་ཚེ་གཞི་ནས་ཐུན་མོང་དར་རྒྱས་ཡོང་ཐུབ། མིག་སྔའི་འཛམ་གླིང་གི་དུས་བབ་ཟིང་ཆ་ཆེ་རུ་ཕྱིན་པར་བརྟེན་ཀྲུང་གོས་མཛའ་མཐུན་དང་། ལྷག་བསམ། ཕན་བདེ། ཁོང་ཡངས་བཅས་ཀྱི་འདུ་ཤེས་དང་ཁྱིམ་མཚེས་དབར་འཆམ་མཐུན་དང་ཁྱིམ་མཚེས་རོགས་ཟླའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་མཐའ་འཁོར་ཕྱི་འབྲེལ་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱས་པར་ཁམ་ཕུ་ཁྲེའི་མི་དམངས་ཀྱི་བརྩི་བཀུར་ཐོབ་ཡོད། ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཉམ་ལས་ནི་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག་བྱས་པ་ཞིག་ཡིན། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཕྱོགས་གཉིས་པོས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཏན་ཏིག་བཏང་ནས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་གྲོགས་མུ་མཐུད་བྲག་ལྟར་བརྟན་ལ་བློས་འགེལ་ཆོག་པ་དང་། ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཉམ་ལས་མུ་མཐུད་རྡོ་རྗེ་ཕ་ལམ་ལྟར་འོད་འཚེར་ཐུབ་པ་བྱ་རྒྱུ་རེད”ཅེས་བརྗོད་པ་རེད།