ཁྲལ་གྲོན་རྩ་ཆག་སྲིད་ཇུས་ཀྱིས། དམངས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན།
ད་ཕན་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས་སྙིང་ཉེ་བའི་ཞབས་ཞུ་དང་ནུས་ལྡན་ཁྲལ་ཕན་གྱིས་རྒྱབ་སྐྱོར་བྱས་ཏེ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཆེད“ལྗང་མདོག་སྒུལ་ནུས་ཆེན་པོ”བསྣན་པ་རེད།
རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་རི་སྔོན་གྲོང་ཚོའི་ཧྥུའུ་ཅུས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཡུལ་དེའི་འབྲོག་ལས་ཐོན་ཁུངས་ལ་བརྟེན་ནས་མར་ཐོན་སྐྱེད་དང་ཕྱིར་ཚོང་ལ་གཞོལ་བས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
རི་སྔོན་གྲོང་ཚོའི་མར་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས“སྲིད་ཇུས་མི་འཚོལ”གྱི་ལས་ཀའི་ལམ་སྲོལ་སྤྱད་དེ། གྲོང་ཚོ་དེའི་མཉམ་ལས་ཁང་གི་ལས་རིགས་གཏོགས་ཁོངས་དང་གཉེར་སྐྱོང་གཞི་ཁྱོན་སོགས་ལ་གཞིགས་ནས་གནད་སྨིན་ཅན་གྱི་སྲིད་ཇུས་ཁྱབ་གདལ་དང་གསལ་འགྲེལ་བྱས་ཏེ་ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་ཚང་མ་གནད་སྨིན་དོན་འཁྱོལ་ཐུབ་པར་བྱས་ཡོད།
“ཁྲལ་གྲོན་རྩ་ཆག་བཏང་བ་དེས་ཁྲལ་འཇལ་དངུལ་ཉུང་དུ་ཕྱིན་པ་མ་ཟད། ང་ཚོའི་འཕེལ་རྒྱས་ཀྱི་སེམས་ཤུགས་ཀྱང་འཕེལ་ནས་མར་གྱི་ཐོན་ལས་དེ་བས་རྒྱ་སྟོབས་ཆེ་རུ་གཏོང་བའི་ཡིད་ཆེས་ཆེ་རུ་ཕྱིན་སོང”ཞེས་མཉམ་ལས་ཁང་གི་འགན་འཁུར་བ་འཆི་མེད་ཀྱིས་མྱོང་ཚོར་ཟབ་མོས་བརྗོད།
ད་ཕན་ལོ་ཤས་རིང་། ས་དགའ་རྫོང་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ་མཉམ་ལས་ཁང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་མ་ཟད། ཞིང་འབྲོག་པ་དེའི་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་ཡང་བྱས་ཡོད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད། ས་དགའ་རྫོང་ཁྲལ་དོན་ཅུས་ཀྱིས་དང་ལེན་ཧུར་ཐག་ཞུས་ནས་རྗེས་སྙེགས་ཟུར་ཁྲིད་དང་ལས་སྒོ་སྒྲུབ་གཉེར་དྲན་སྐུལ་སོགས་ཀྱི་ཞབས་འདེགས་ཡག་པོ་ཞུས་ཏེ“རྒྱང་རིང་མཛུབ་ཁྲིད”ནས“སྒོ་རྩར་སྐྱོད་པའི”བར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སེམས་ནུས་ཡོད་རྒུ་བཏོན་ཡོད།
གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་འགན་འཁུར་བས། གོམ་སྟབས་རྗེས་མར་གྲོང་གསེབ་ཐོན་ལས་ཀྱི་འཕེལ་རྒྱས་ལ་མུ་མཐུད་དམིགས་ནས། ཞབས་ཞུའི་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཞབས་ཞུའི་ནུས་ཕྱོད་མཐོ་རུ་གཏོང་བ། ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་གནད་སྨིན་དོན་འཁྱོལ་བྱེད་པ། གྲོང་གསེབ་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་འཕེལ་རྒྱས་ལ་རམ་འདེགས་བཅས་བྱས་ཏེ། གྲོང་གསེབ་དར་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རམ་འདེགས་མུ་མཐུད་བྱེད་ཀྱི་ཡིན་ཞེས་བརྗོད།