ཞི་ཅིན་ཕིང་གིས་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཧྥུ་དང་གྲོས་མོལ་གནང་བ།
ཟླ་4ཚེས་23ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཧྥུ་དང་གྲོས་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཨ་ལི་ཡེ་ཧྥུ་དང་སྐུ་ཟླ་ཨ་ལི་ཡེ་ཝ་དང་ལྷན་བཞུགས་སྐུ་པར་བསྐྱོན་པ།
འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་དུ་ཨ་ལི་ཡེ་ཧྥུར་དགའ་བསུ་ཞུ་བའི་མཛད་སྒོ་ཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་23ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཧྥུ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། བློ་ཁ་མཐུན་ན་རི་དང་རྒྱ་མཚོས་ཆོད་ཀྱང་ཐག་མི་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་མོད། འོན་ཀྱང་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་འབྲེལ་བ་ནི་ལེ་དབར་ཁྲི་ཕྲག་ཆོད་ཀྱང་ཐུན་མོང་ངོས་འཛིན་ལྡན་ཡོད་ལ། རྒྱུན་རིང་འདྲིས་པའི་མཛའ་གྲོགས་བརྟན་དུ་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ནས་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཕན་བཅས་མཐའ་འཁྱོངས་བྱས་ཏེ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་བཏང་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་དམ་ཟབ་བཅས་བྱས་ཏེ་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་ཕྱོགས་ཡོངས་མཉམ་ལས་ཀྱི་ལེའུ་གསར་པ་བཏོད་དེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་རམ་འདེགས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ནི་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་བཟང་པོ་ཡིན་ལ། འཐབ་ཇུས་ཀྱི་རོགས་ཟླ་ཡིན་པའི་དགོས་ངེས་ཀྱི་ནང་དོན་ཞིག་ཀྱང་ཡིན། ཨ་ཟེར་བྷེ་ཇན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་དེ་རང་གི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ལམ་བུར་མུ་མཐུད་བསྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཨ་ཟེར་བྷེ་ཇན་ཕྱོགས་དང་ཁྲིམས་སྒྱུར་བདེ་འཇགས་མཉམ་ལས་གཏིང་ཟབ་བྱས་ནས“ངན་ཤུགས་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་འདོད་ཡོད། ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་བདེ་རྩ་བསྐྲུན་ཡོད། རྩེ་རིམ་ཇུས་འགོད་ལེགས་སུ་གཏོང་བ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཏན་ཏིག་དང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། སློབ་གསོ་དང་། རིག་གནས། ཡུལ་སྐོར། གཞོན་ནུ། ས་གནས་སོགས་ཀྱི་མཉམ་ལས་ཐད་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་དང་དམངས་སེམས་འབྲེལ་འདྲིས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། སྒོ་ཁྲལ་གྱི་འཁྲུག་རྩོད་དང་ཚོང་དོན་གྱི་འཁྲུག་རྩོད་ཀྱིས་རྒྱལ་ཁབ་ཁག་གི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བ་མ་ཟད། འཛམ་གླིང་གི་དཔལ་འབྱོར་སྒྲིག་ལམ་ཟང་ཟིང་བཟོ་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཟེར་བྷེ་ཇན་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།
ཨ་ལི་ཡེ་ཧྥུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་མ་ཟད། རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ཡང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། འཛམ་གླིང་ལོ་བརྒྱའི་འགྱུར་ལྡོག་ཁྲོད་གནས་ཡོད་མོད། འོན་ཀྱང་ཨ་ཟེར་བྷེ་ཇན་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱས་པས། མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། དཔལ་འབྱོར་ཚོང་དོན་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས། ས་གནས་ཀྱི་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ། ཕན་ཚུན་འབྲེལ་མཐུད་ཡུན་རིང་འཕེལ་རྒྱས་བྱུང་བ་བཅས་ཀྱི་རྣམ་པ་ཐོན་ཡོད། ཨ་ཟེར་བྷེ་ཇན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང་ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱ་ཆེད་བསྒྲུབས་པའི་འབད་བརྩོན་ཡོད་དོ་ཅོག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་པོ་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་ཕན་ཐོགས་ཡོད་པས་ཨ་ཟེར་བྷེ་ཇན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། ཨ་ཟེར་བྷེ་ཇན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།“རྒྱུད་གཅིག་ལམ་གཅིག”འཛུགས་སྐྱོང་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ནུས་རྒྱུ། ཚན་རྩལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་བ། སྲིད་ཏང་དབར་དང་དེ་བཞིན་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
གྲོས་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་ཟེར་བྷེ་ཇན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་ལྷན་དུ་མཚན་རྟགས་བཀོད་གནང་བ་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཁྲིམས་འཛིན། ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དཔལ་འབྱོར། ཤེས་བྱའི་བདག་དབང་། འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་20ལ་མིང་རྟགས་བཀོད་པར་དཔང་པོ་ཡང་གནང་བ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོ་ཕྱིའི་ཐང་ཆེན་དུ་ཨ་ལི་ཡེ་ཧྥུ་དང་སྐུ་ཟླ་ཨ་ལི་ཡེ་ཝར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
ཨ་ལི་ཡེ་ཧྥུ་འབྱོར་སྐབས། གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་རེད། ཞི་ཅིན་ཕིང་དང་ཨ་ལི་ཡེ་ཧྥུ་གཟིགས་སྟེགས་སུ་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཨ་ལི་ཡེ་ཧྥུ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་མིའི་རུ་སྟར་ལ་གཟིགས་པ་རེད།
ཉིན་དེའི་ཉིན་གུང་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཨ་ལི་ཡེ་ཧྥུ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་གནང་བ་རེད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།