ཞི་ཅིན་ཕིང་གིས་གཉིས་བཀུར་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ།
ལི་ཆང་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་འདོགས་པའི་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གཉིས་བཀུར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་གསུངས་དོན། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱེད་པ་ནི་རང་རེའི་ཏང་དང་། རང་རེའི་དམག་དཔུང་། རང་རྒྱལ་མི་དམངས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དང་དམིགས་སུ་ལྡན་པའི་ཆབ་སྲིད་ཀྱི་ལེགས་ཆ་ཞིག་ཡིན། རྒྱང་ལམ་གསར་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་ཀྱིས། སྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་བ་དང་སྲིད་ཇུས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཉིས་བཀུར་ལས་དོན་ཐད་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དཔུང་སྡེའི་འཛུགས་སྐྱོང་དང་སྒྱུར་བཅོས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་རང་འགུལ་ངང་རྒྱ་ཆེའི་དཔོན་དམག་གི་སེམས་ཁྲལ་དང་དཀའ་ངལ་བསལ་ནས་རྒྱལ་སྲུང་ལ་སེམས་ཁུར་དང་། དམག་དཔུང་ལ་དགའ་ཞེན། དམག་མིར་བརྩི་བཀུར་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་སྔར་བས་གཏོད་དགོས། དམག་དཔུང་གིས་དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ས་གནས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་ལ་བདེ་སྐྱིད་དང་ཁེ་ཕན་སྐྲུན་དགོས། དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱིས་མཉམ་ལས་དམ་ཟབ་བྱས་ཏེ་བྲག་ལྟར་བརྟན་པའི་དམག་སྲིད་དབར་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ཟབ་ཏུ་དང་འཕེལ་རྒྱས་བཏང་ནས་རང་རེའི་མི་དམངས་དང་རང་རེའི་དམག་དཔུང་ལ་དགའ་ཞེན་བྱེད་པའི་དུས་རབས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་མུ་མཐུད་རྩོམ་དགོས།
རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་འདོགས་པའི་ཚོགས་ཆེན་ཟླ་4ཚེས་23ཉིན་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་བ་རེད།
ལི་ཆང་གིས་གསུང་བཤད་གནང་སྐབས་གཉིས་བཀུར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནི་ཏང་གིས་གཉིས་བཀུར་ལས་དོན་ལ་འགོ་ཁྲིད་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཡིན་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་གཉིས་བཀུར་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་གཉིས་བཀུར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས་པ་རེད།
ལི་ཆང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། དམག་དཔུང་དང་ས་གནས་ཀྱི་རིམ་པ་ཁག་དང་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། གཉིས་བཀུར་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཞིང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་དམག་བཀུར་རྩ་འཛུགས་དང་ཞབས་ཞུའི་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། དཔུང་སྡེ་ཡོངས་དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། མཐའ་སྟོབས་མཐའ་བརྟན་སོགས་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པའི་ནང་ཧུར་ཐག་ཞུགས་ནས་ཉེན་སེལ་གེགས་སྐྱོབ་དང་། ཕྱིར་སྡོད་རང་མི་ཕྱིར་འཐེན་ལ་སྲུང་སྐྱོབ། བརྟན་ལྷིང་སྲུང་སྐྱོང་དང་འཕྲལ་རྐྱེན་ཐག་གཅོད་སོགས་ཀྱི་ལས་འགན་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་ཡོད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་རེད། གཉིས་བཀུར་ལས་དོན་གྱིས་དམག་དཔུང་དང་ས་གནས་དབར་འབྲེལ་གཏུག་དང་དམག་དམངས་དབར་མཐུན་སྒྲིལ་ཟབ་ཏུ་བཏང་ནས། སེམས་ནུས་གཅིག་སྒྲིལ་གྱི་ནུས་པ་གལ་ཆེན་སྔར་བས་ཡག་པོ་འདོན་པ་དང་དམག་དཔུང་དང་ས་གནས་ཕྱོགས་གཉིས་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གྱི་ལེགས་ཆ་བཏོན་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
ལི་ཆང་གིས་ནན་བཤད་གནང་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་སྲུང་གི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་དམག་དཔུང་འཛུགས་སྐྱོང་དང་སྒྱུར་བཅོས་ཀྱི་གཙོ་གནད་ལ་དམིགས་ཏེ། ཐོན་ཁུངས་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་དང་དམག་དཔུང་དང་ས་གནས་དབར་མཉམ་ལས་ཟབ་ཏུ་བཏང་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རང་འགུལ་ངང་ཞབས་འདེགས་ཞུ་དགོས། དམག་དཔུང་ནང་ཡོད་པའི་དམག་མི་དང་དམག་ཞབས་ཐིམ་པའི་དམག་མིའི་དགོས་མཁོ་དངོས་ལ་སྤྱི་འདོམས་བསམ་གཞིག་བྱེད་པ་དང་། ཞབས་ཞུའི་འགན་སྲུང་བྱེད་ཐབས་ཀྱི་གནད་སྨིན་རང་བཞིན་ཆེ་རུ་གཏོང་བ། དམག་མི་ཚོས་སེམས་ཁུར་བྱེད་པའི་བུ་ཕྲུག་གི་སློབ་གསོ་དང་། ཁྱིམ་མིའི་ལས་ཞུགས། ཕ་མའི་རྒན་གསོ་སོགས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བྱེད་རོགས་བྱེད་པ། དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་དང་། ལས་ཞུགས་ལས་གཏོད། གོད་གསབ་གཟིགས་སྐྱོང་། དཀའ་ངལ་སེལ་རོགས་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། དམག་དཔུང་གིས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་གནས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས། སྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་རིང་གཉིས་བཀུར་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཉིས་བཀུར་དཔེ་བཟང་འཛུགས་གཏོད་ཟབ་ཏུ་གཏོང་བ། གཉིས་བཀུར་སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་གཉིས་བཀུར་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས།
ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)ལ་མིང་འདོགས་རྒྱུའི་སྐོར་གྱི་གཏན་འབེབས་སྒྲོག་སྦྱངས་བྱས་པ་མ་ཟད། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་འཐུས་མིར་བྱ་དགའ་སྤྲད་པ་དང་། འབྲེལ་ཡོད་དམག་དཔུང་དང་ས་གནས་ཀྱི་འཐུས་མིས་གཏམ་བཤད་སྤེལ་བ་རེད།
མཚན་སྙན་ཐོབ་པའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་འཐུས་མི་དང་། རྒྱལ་ཡོངས་ཀྱི་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི། དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཁག་གི་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་གཉིས་བཀུར་ལས་དོན་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན་སོགས་ཚོགས་ཆེན་ལ་ཞུགས་པ་རེད།