ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་པས་ཁེ་ལས་དང་འཛད་སྤྱོད་པ་གཉིས་ཀར་ཕན་པ་ཐོབ་པ།
ཟླ་བ་བརྒྱད་མ་འགོར་བར་ཉོ་སྒྲུབ་བྱེད་ཚད་དུང་ཕྱུར་ལས་བརྒལ་དོན་ཅི་ཡིན།
ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། 2024ལོའི་ཟླ་8པར་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཚུན། ཟླ་4ཚེས་10ཉིན་བར་འཛད་སྤྱོད་པས་རིམ་རྩིས་བརྒྱབ་ན་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཁྲི་10035གསར་པར་བརྗེས་ནས་ཉོ་སྒྲུབ་བྱེད་ཚད་དུང་ཕྱུར་ལས་བརྒལ་ཡོད་པ་རེད།
ཁ་གྲངས་མང་དུ་འགྲོ་བའི་གྲངས་གཞི་དང་གཡུར་དུ་ཟ་བའི་གྲུབ་འབྲས་ལས། འཕར་འབོར་སྲིད་ཇུས་མང་པོ་ཞིག་གི་ཕན་ནུས་གསལ་པོར་མངོན་པ་མ་ཟད། རྒྱལ་ནང་གི་འཛད་སྤྱོད་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡང་མངོན་ཡོད། ཟླ་བ་བརྒྱད་མ་འགོར་བར་ཉོ་སྒྲུབ་བྱེད་ཚད་དུང་ཕྱུར་ལས་བརྒལ་དོན་ཅི་ཡིན།
ཁྲོམ་ར་དང་སྲིད་ཇུས་ཀྱི་ཤུགས་ཚད་ཆེ་རུ་ཕྱིན་པ།
ཉོ་སྒྲུབ་བྱེད་ཚད་དུང་ཕྱུར་ལས་བརྒལ་དོན་ནི་ཁ་གསབ་སྲིད་ཇུས་གསར་དུ་བཏོན་པ་ལས་བྱུང་བ་ཞིག་རེད།
པེ་ཅིང་ཁྲའོ་དབྱང་གིས“མཁའ་རླུང་སྙོམས་ཆས་ཀྱི་ཁ་གསབ་གྲངས་འབོར་3བར་མང་དུ་བཏང་ཡོད” གྲོང་མི་ལི་ལགས་ཀྱིས་སྲིད་ཇུས་ཀྱི་གཟིགས་སྐྱོང་དང་བསྟུན་ཏེ་ཁྲོམ་ར་ནས་སྡེབ་གཅིག་ལ་མཁའ་རླུང་སྙོམས་ཆས་3ཉོས་ཤིང་། ཁོང་གིས“བཟོ་གྲྭའི་རིན་ཕབ་དང་། རྒྱལ་ཁབ་ཀྱི་ཁ་གསབ། ཚོང་རའི་གཟིགས་སྐྱོང་བཅས་བསྡོམས་ན་འཕྲུལ་ཆས་3ལ་སྒོར་2000ཙམ་གྲོན་ཆུང་ཐུབ་ཀྱི་འདུག་པས། གྱོང་མི་འདུག”ཅེས་བཤད།
འཛད་སྤྱོད་པར་ཕན་པ་དངོས་ཐོབ་ཡོད་ལ་ཁྱིམ་སྤྱོད་གློག་ཆས་ཀྱི་ཁེ་ལས་ལ་ཡང་ཕན་པ་ཐོབ་ཡོད།
“ཁ་གསབ་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ཐོན་རྫས་ཀྱི་ཕྱིར་འཚོང་ལ་སྔར་བས་སྐུལ་ཁྲིད་ཐུབ་ཀྱི་འདུག” ཧའེ་ཨེར་གློག་ཆས་ཀྱི་འབྲེལ་ཡོད་འགན་འཁུར་བས། སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་ཁྱིམ་གྱི་ཁང་པ་མང་པོའི་མཁའ་རླུང་སྙོམས་ཆས་རྙིང་པ་རྣམས་བརྗེ་བའི་དགོས་མཁོ་གཅིག་སྡུད་དུ་ཐོན་ཡོད། དུས་ཚིགས་དང་པོར་ཧའེ་ཨེར་གྱི་མཁའ་རླུང་སྙོམས་ཆས་ཐོན་རྫས་ཕྱིར་འཚོང་བྱེད་ཚད་དུས་མཚུངས་ལས་30%ལས་བརྒལ་ཡོད་ཅེས་བཤད།
དྲ་ཐོག་ཚོང་དོན་གྱི་ལས་སྟེགས་གཙོ་བོས་ཀྱང་གཅིག་རྗེས་གཉིས་མཐུད་ངང་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་ཞིང་། ཅིང་ཏུང་གི་འཛད་སྤྱོད་པས“རྒྱལ་ཁབ་ཀྱི་ཁ་གསབ”ལོངས་སུ་སྤྱོད་པའི་རྨང་གཞིའི་ཐོག་ད་དུང་ལས་སྟེགས་ཀྱི་འཕྲུལ་ཆས་རྙིང་པའི་ཁ་གསབ་འཐོལ་པ་ལོངས་སུ་སྤྱོད་རྒྱུ་ཡོད། ཁྱུག་དབྱིངས་ཚོང་ཁང་གིས་ལག་ཐོགས་ཁ་པར་ཚུད་པའི་3Cརིགས་ཀྱི་གྲངས་འཛིན་ཐོན་རྫས(རྩིས་འཁོར་རིགས་དང་། འཕྲིན་གཏོང་རིགས། འཛད་སྤྱོད་རིགས་ཀྱི་གློག་རྡུལ་ཐོན་རྫས)ལ་དམིགས་ནས“རྒྱལ་ཁབ་ཀྱི་ཁ་གསབ”བྱེད་སྒོ་གསར་པ་བཏོན་པ་དེར་ཚོང་ཟོག་སྣ་ཁ་ཁྲི་བཅུ་ཕྲག་ཁ་ཤས་ཟིན་ཡོད།
“ན་ནིང་གི་དུས་ཚིགས་བཞི་པར། ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱི་ནང་འཚོང་ཁྲོམ་རའི་སིལ་འཚོང་གྲངས་འབོར་དུས་མཚུངས་ལས་22.5%འཕར་ཡོད” ཀྲུང་གོ་ཁྱིམ་སྤྱོད་གློག་ཆས་མཐུན་ཚོགས་ཀྱི་ལས་འཛིན་གཞོན་པ་ཞུས་ཏུང་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ་དང་དུས་མཚུངས་སུ་ཁེ་ལས་ཀྱིས་ཤུགས་བརྒྱབ་པ་བརྒྱུད། འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་ཡོད། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་རིགས་ཀྱི་ཚོང་ཟོག་སིལ་འཚོང་གྲངས་འབོར་འདི་ལོའི་དུས་ཚིགས་དང་པོའི་དུས་མཚུངས་ལས་19.3%འཕར་བ་དང་ལོ་གོང་མའི་ཟླ་9པ་ནས་བཟུང་བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་པ་དང་། གོང་གི་ཟླ་བ་གཉིས་རིང་ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་9.9%འཕར་བ་དང་ཁེ་སྤོགས་10.3%འཕར་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བརྗོད།
ཐོན་ལས་དང་ཁྲོམ་རའི་སྒུལ་ནུས་ཕྱོགས་སྒྱུར་བྱེད་མགྱོགས་པ།
ཉོ་སྒྲུབ་བྱེད་ཚད་དུང་ཕྱུར་ལས་བརྒལ་དོན་ནི་མཁོ་སྤྲོད་ཕྱོགས་ཀྱི་རིམ་སྤོར“གསར་བརྗེར”ཐུག་ཡོད།
2024ལོར་རྙིང་པ་གསར་པར་བརྗེ་བའི་ནུས་འབྲས་རིམ་པ་དང་པོའི་ཐོན་རྫས་ཀྱི་ཕྱིར་འཚོང་བསྡུར་ཚད་90%ལས་བརྒལ་བ་དང་། ཁེ་ལས་ཆིག་སྟོང་ལྷག་གིས་ལྗང་མདོག་རིག་ནུས་ཐོན་རྫས་གསར་པ་ཁྲི་ཁ་ཤས་བཏོན་ནས་ལྗང་མདོག་རིག་ནུས་འཛད་སྤྱོད་ཀྱིས་ཐོན་ལས་མགྱོགས་མྱུར་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ཡོད།
ལྗང་མདོག་ཁྱིམ་སྤྱོད་གློག་ཆས་བརྗེ་རྒྱུ་དེ་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད།
“རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལས་ནུས་འབྲས་མཐོ་བའི་ཐོན་རྫས་འཛད་སྤྱོད་བྱེད་མཁན་མང་དུ་ཕྱིན་ནས་འབྲེལ་ཡོད་ཁྱིམ་སྤྱོད་གློག་ཆས་མགྱོགས་མྱུར་ཁྱབ་གདལ་གཏོང་བར་སྐུལ་མ་ཐེབས་ཡོད” ཞུས་ཏུང་ཧྲེང་གིས། རིན་གོང་ལ་ཚོར་བ་སྐྱེན་པའི་འཛད་སྤྱོད་པས་སྤུས་ཚད་ལེགས་ལ་རིན་གོང་དམའ་བའི་ནུས་རྒྱུ་གྲོན་ཆུང་གི་ཐོན་རྫས་དེ་བས་ཉོ་འདོད་བྱེད་ཀྱི་ཡོད་ཀྱང་སྤུས་ཚད་ལ་སྣང་ཆེན་བྱེད་མཁན་འཛད་སྤྱོད་པས་རིག་ནུས་ལག་རྩལ་ལྡན་པའི་ལྗང་མདོག་ཁྱིམ་སྤྱོད་གློག་ཆས་ལ་དགའ་པོ་བྱེད་ཀྱི་ཡོད་པས། དགོས་མཁོ་མི་འདྲ་བས་ཐོན་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད།
ཚུར་བསྡུའི་དགོས་མཁོ་མང་དུ་ཕྱིན་ནས་ལས་ཆོད་ཆེ་རུ་ཕྱིན་པ།
ཉོ་སྒྲུབ་བྱེད་ཚད་དུང་ཕྱུར་ལས་བརྒལ་དོན་ནི་ཚུར་བསྡུའི་མ་ལག་རྒྱུན་མཐུད“གསར་བརྗེས”བྱས་པས་རེད།
2024ལོར་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཚུར་བསྡུ་བྱེད་ཚད་ཏུན་ཁྲི་63ལས་བརྒལ་ནས་དུས་མཚུངས་ལས་14.83%འཕར་བ་དང་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཚད་ལྡན་ངང་བཤིག་པའི་གྲངས་འབོར་དུས་མཚུངས་ལས་འཕར་ཚད་20%བརྒལ་ཡོད། སྔོན་དཔག་བྱས་ན་འདི་ལོ་རྒྱལ་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཚུར་བསྡུའི་བསྡོམས་འབོར་དུང་ཕྱུར་2ལས་བརྒལ་རྒྱུ་ཡིན་པ་རེད།
“ཚུར་བསྡུའི”ཐོན་ལས་འཁོར་འབྲེལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ།
ཁྱིམ་སྤྱོད་གློག་ཆས་རྙིང་པ་ཐག་གཅོད་འོས་འཚམ་བྱ་ཆེད། ཧའེ་ཨེར་རིག་ནུས་ཁྱིམ་སྤྱོད་གློག་ཆས་ཀྱིས“ཚུར་བསྡུ—བཤིག་པ—བསྐྱར་སྐྱེད—བསྐྱར་སྤྱོད”ཀྱི་འབྲེལ་ལམ་ཡོངས་ཀྱི་གདུབ་ཟུམ་མ་ལག་བཙུགས་ཤིང་། བེད་མེད་འཁྱགས་སྒམ་རྙིང་པ་ཚུར་བསྡུ་ལ་དཔེ་བཞག་ན། སྤྱོད་མཁན་གྱིས་ཧའེ་ཅིན་ཚུར་བསྡུའི་ལས་སྟེགས་ནས་ཚུར་བསྡུའི་རེ་ཞུ་བཏོན་རྗེས། ཆུ་ཚོད་48ནང་སྒོ་རྩར་ཡོང་ནས་ཚུར་བསྡུ་བྱེད་ཀྱི་ཡོད་པ་དང་། དེ་ནས་ཧའེ་ཨེར་གྱི་འཁོར་རྒྱུག་བསྐྱར་མའི་འབྲེལ་མཐུད་བཟོ་གྲྭར་སླེབས་ནས་བཤིག་གི་ཡོད་པ་རེད། རང་འགུལ་ཅན་གྱི་ལས་རིམ་རབ་དང་རིམ་པ་བརྒྱུད་བེད་མེད་འཁྱགས་སྒམ་རྙིང་པ་དེ་ནས་ངར་ལྕགས་48%དང་། འགྱིག་སོབ་25% སྤོས་འགྱིག་17% ལྕགས་རིགས་གཞན་དག་ཉུང་ཤས་བཅས་བཤིག་ཐུབ་ཀྱི་ཡོད། ལྕགས་རིགས་རྒྱུ་ཆ་དག་བཙོ་སྦྱང་བཟོ་གྲྭར་བཙོངས་ནས་ལས་སྣོན་བྱས་ཏེ་སླར་ཡང་བེད་སྤྱོད་བྱེད་ཆོག་པ་དང་། སྤོས་འགྱིག་ཀྱང་ཐོན་སྐྱེད་འཁོར་ཁང་དུ་དབོར་ནས་རྒྱུ་ཆ་གསར་པ་བཟོ་ཐུབ་ཀྱི་ཡོད།
“རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལ་བརྟེན་ནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་མ་ཟད། ད་དུང་ཚུར་བསྡུའི་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་ཕྱིན་ནས‘དཔལ་འབྱོར་གྱི་ལྕག་སྐུལ——ངོས་འཛིན་རིམ་སྤོར——བྱ་སྤྱོད་གཞན་སྒྱུར’གྱི་ལྗང་མདོག་འཛད་སྤྱོད་ཀྱི་འཁོར་རྒྱུག་བཟང་པོ་ཆགས་ཡོད” ཀྲུང་གོ་ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱིས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་། ལག་རྩལ་གསར་གཏོད། འདུ་ཤེས་རིམ་སྤོར་བཅས་བརྒྱུད་དེ། ལྗང་མདོག་འཛད་སྤྱོད་ཀྱི་ཁོར་ཡུག་གསར་པ་སྐྲུན་བཞིན་ཡོད་ཅེས་ཞུས་ཏུང་ཧྲེང་གིས་བརྗོད།