“རིག་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱ་རྒྱུའི་གྲོས་འགོའི་ཡི་གེ
ས་གཞི་ཆེན་པོ་སྔོ་ལྗང་གིས་བརྒྱན་པའི་དཔྱིད་ཀྱི་དུས་འདིར། ང་ཚོས་འཛམ་གླིང་གི་དཔེ་ཀློག་ཉིན་མོ་ཐེངས་30པ་བསུས་ཏེ། 2025ལོའི“རིག་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔེ་ཀློག་ནི་མིའི་རིགས་ལ་ཤེས་བྱ་ཐོབ་པ་དང་། བློ་རིག་འཕེལ་བ། ཀུན་སྤྱོད་གསོ་སྐྱོང་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། མི་རྣམས་ཀྱི་བསམ་བློའི་བློ་སྒོ་ཕྱེ་ཐུབ་པ་དང་བླ་ན་མེད་པའི་ཕུགས་བསམ་འཛུགས་ཐུབ་པ་མ་ཟད། སྙིང་སྟོབས་ཀྱང་འཕེལ་ཐུབ། སྤྱི་ཚོགས་ཡོངས་དཔེ་ཀློག་ལ་ཞུགས་ནས་དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
དཔེ་ཀློག་ནི་རྒྱལ་དམངས་བྱང་ཚད་ཀྱི་མཚོན་རྟགས་གལ་ཆེན་ཞིག་དང་རྒྱལ་ཁབ་ཅིག་གི་རིག་གནས་མཉེན་ཤུགས་ཀྱི་ཞིབ་ཕྲའི་མངོན་ཚུལ་ཞིག་ཡིན་ལ། མི་ཞིག་གི་རིག་གནས་བྱང་ཚད་དང་རིག་གནས་ཀྱི་སྤུས་ཚད་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་དེ་བས་ཀྱང་ཡིན། དེར་བརྟེན་ང་ཚོས་ལྗོངས་ཡོངས་ལ་གྲོས་འགོ་འདོན་རྒྱུ་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་དང་། སྙིང་སྟོབས་འཕེལ་བ། ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ། སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་དང་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་མཉམ་དུ་སྐྲུན་པ་དང་། གཞོན་ནུ་ལོ་ཆུང་ཚོར་དཔེ་ཀློག་གི་གོམས་གཤིས་འཇགས་པ་དང་སྤྲོ་སྣང་ཆེན་པོས་དཔེ་ཀློག་དང་བདེ་ཐང་ངང་འཚར་ལོངས་ཡོང་བ་དར་སྤེལ་ཧུར་ཐག་གཏོང་བ། དཔེ་ཀློག་གི་དྲི་ཞིམ་སློབ་གྲྭའི་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་བྱས་ཏེ་རྒྱང་རིང་གི་ཕུགས་བསམ་དང་རེ་བར་འོད་སྣང་སྦྱིན་པ། ནང་མི་དང་མཉམ་དུ་དཔེ་དེབ་ཡག་པོ་ཀློག་པ་དང་། གསུང་རབ་ལ་རོལ་མྱོང་བྱེད་པ། སྤྱོད་བཟང་རྒྱུན་འཛིན་བཅས་བྱས་ཏེ་ཁྱིམ་ཚང་ཚང་མར་དཔེ་དེབ་ཀློག་པའི་གོམས་གཤིས་འཇགས་པར་བྱས་ཏེ་དེ་བས་སྤུས་ཚད་ལེགས་པ་དང་དྲོ་སྐྱིད་ལྡན་པའི་འཚོ་བར་རོལ་བ། སྤྱི་ཚོགས་ཡོངས་དཔེ་ཀློག་སློབ་སྦྱོང་ལ་ཧུར་ཐག་ཞུགས་པར་སྐུལ་སློང་བྱས་ནས་དཔེ་ཀློག་ཁྲོད་མི་རྣམས་བློ་རིག་འཕེལ་བ་དང་གནས་ལུགས་ཤེས་པ་དང་། འཇོན་ཐང་ཆེ་རུ་འགྲོ་བ། འབྱུང་འགྱུར་ལ་གྲུབ་འབྲས་ཐོབ་པ་བཅས་བྱས་ཏེ་དཔེ་ཀློག་སློབ་སྦྱོང་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་གོམས་གཤིས་སུ་འགྱུར་བ་བཅས་བྱས་ནས་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།
དཔེ་ཀློག་ནི་མི་རིགས་ཤིག་གི་བྱང་ཚད་དང་སྟོབས་ཤུགས་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཅིག་གི་མདུན་ལམ་དང་ལས་དབང་ལའང་ཤུགས་རྐྱེན་ལྡན་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པར། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དེ་བས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་སྟངས་འཛིན་ནན་པོ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དེ་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོ་དང་མཉམ་འདྲེས་བྱེད་པ། “རིག་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ། རིག་གནས་སྟོབས་ཆེན་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་སྤོ་བ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྟོབས་དང་ལྡན་པའི་བསམ་བློའི་འགན་ལེན་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། ཕན་ཡོད་ཀྱི་རིག་གནས་མཐུན་རྐྱེན་བཅས་མཁོ་འདོན་བྱེད་དགོས།
དཔེ་དེབ་བཀླགས་ན་ཤེས་བྱ་འཕེལ། སློབ་སྦྱོང་བྱེད་པར་རྫོགས་རྟགས་མེད། ང་ཚོས་དཔྱིད་དཔལ་རབ་དུ་བཞད་པའི་དུས་དེར་མཉམ་དུ་དཔེ་དེབ་བཀླགས་ནས“རིག་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་འགོ་འཛུགས་ས་གསར་པར་བྱས་ཏེ་དཔེ་ཀློག་སློབ་སྦྱོང་བྱ་རྒྱུ་དེ་ང་ཚོ་ཚང་མའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བ་བྱེད་པ་དང་། དེ་འཚོ་བའི་རྣམ་འགྱུར་དང་། ལས་ཀའི་འགན་འཁྲི། བསམ་པའི་དོན་གཉེར་བཅས་ལ་བརྩི་བ། དཔེ་དེབ་བཀླགས་ནས་ང་ཚོའི་མིག་རྒྱང་ཆེ་རུ་གཏོང་བ། དཔེ་དེབ་བཀླགས་ནས་ང་ཚོའི་སེམས་ཁམས་གུ་ཡངས་སུ་གཏོང་བ། ང་ཚོའི་མི་ཚེ་དཔེ་ཀློག་དང་འགྲོགས་ནས་དེ་བས་ངོ་མཚར་ལྡན་པ་བཅས་བྱེད་དགོས།
ཤེས་བྱས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པ་དང་དཔེ་དེབ་བཀླགས་ཚེ་མི་ཚེའི་ལམ་བུར་འོད་སྣང་སྦྱིན་ཐུབ། དུས་རབས་གསར་པར་དཔེ་དེབ་བཀླགས་ནས་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་དོ། ང་ཚོས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་མཉམ་དུ་དཔེ་དེབ་ཀློག་པར་ཕེབས་ཤོག
བོད་རང་སྐྱོང་ལྗོངས་དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་ཐིང་དབར་གྱི་མཉམ་འབྲེལ་གྲོས་ཚོཌ་གཞུང་དོན་ཁང་ནས།
2025ལོའི་ཟླ་4ཚེས་23ཉིན།