དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བའི“རྫོགས་ལྡན་ལོ་50”གསར་པ་འགོ་ཚུགས་པ།

    མ་ལེ་ཞི་ཡའི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་དོན་འཚམས་འདྲིར་གདེང་འཇོག་ཆེན་པོ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཏའེ་ཅེ་རན། ཁྲུའུ་ཅུན་དབྱང་།   |     སྤེལ་དུས།  2025-04-24

    ཟླ་4ཚེས་15ཉིན་ནས་ཚེས་17ཉིན་བར། གདན་ཞུས་ལྟར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་ཞིང་། འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་ཕུའུ་ལཱ་ཤིན་དང་མཇལ་འཛོམས་གནང་བ་དང་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཕྱོགས་གཉིས་པོའི་དབར་བརྗེ་རེས་བྱས་པའི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་30ལྷག་ཙམ་ལ་ཐུན་མོང་ཐོག་དཔང་པོ་གནང་བ་རེད། ཕྱོགས་གཉིས་པོས་ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་མ་ལེ་ཞི་ཡའི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲིར་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་དོན་སྙིང་ཟབ་མོ་ལྡན་པ་མ་ཟད། དེས་མ་ཀྲུང་འབྲེལ་བ་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་མཛའ་མཐུན་དང་མཐུན་སྒྲིལ་མཉམ་ལས་ཀྱི་ལེའུ་གསར་བརྩམས་ནས་མ་ཀྲུང་འབྲེལ་བའི“རྫོགས་ལྡན་ལོ་50”གསར་པ་འགོ་འཛུགས་རྒྱུ་རེད་ཅེས་བརྗོད་པ་རེད།

    “རྒྱལ་ཁབ་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཟབ་ཏུ་བཏང་བས་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡོང་རྒྱུ་རེད”

    “ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པ་དེས་མི་རྣམས་ལ་སྐུལ་མ་ཐེབས་ཡོད། ང་ཚོས་ཀྲུང་གོ་ཕྱོགས་ཀྱི་རོགས་ཟླ་དང་མཉམ་དུ་འབད་བརྩོན་བྱས་ཏེ། མ་ཀྲུང་ཀོན་ཏན་ཐོན་ལས་གླིང་དང་ཀྲུང་མ་ཆིན་ཀྲོའུ་ཐོན་ལས་གླིང་། ཀོན་ཏན་གྲུ་ཁ་དང་ཆིན་ཀྲོའུ་གྲུ་ཁ་མཉམ་འགུལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་ལ་སྐུལ་འདེད་བཏང་སྟེ། ‘རྒྱལ་ཁབ་གཉིས་ཀྱི་གླིང་གཉིས’སྤུས་ཚད་མཐོ་རུ་དང་རིམ་འཕར་ཡོང་བ་བྱེད་ཀྱི་ཡིན”མ་ཀྲུང་ཀོན་ཏན་ཐོན་ལས་གླིང་གི་གཉེར་སྐྱོང་ཕྱོགས་བྱང་རྒྱུད་མཚོ་ཁུག་མ་རྐང་ཚོད་འཛིན(མ་ལེ་ཞི་ཡ)ཚད་ཡོད་ཀུང་སིའི་མ་འཇོག་དང་འཕེལ་རྒྱས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་ཁྲེན་ཀྲུའོ་ལི་ཡིས། ཐོན་ལས་གླིང་གིས་གྲུ་ཁ་དང་གླིང་ཁུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི“ཕྱིའི་ཆ་རྐྱེན་འབྲེལ་མཐུད”དང་གླིང་ཁུལ་དོ་དམ་བྱེད་སྟངས་ཀྱི“ནང་ཁུལ་མཐུན་རྐྱེན་འབྲེལ་མཐུད”ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། མ་ཀྲུང་གི་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    ཀྲུང་གོ་དང་མ་ལེ་ཞི་ཡས་སྲིད་གཞུང་དབར་གྱི་ཚན་རྩལ་གསར་གཏོད་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ནུས་པ་ཡག་པོ་བཏོན་ཏེ། ཀྲུང་གོ་དང་མ་ལེ་ཞི་ཡའི་མཉམ་འབྲེལ་ཞིབ་འཇུག་འཆར་གཞི་དང་ཀྲུང་གོ་དང་མ་ལེ་ཞི་ཡའི་ཚན་རྩལ་དང་མི་ཆོས་རིག་གནས་སྤེལ་རེས་ཀྱི་འཆར་གཞི་ལག་ལེན་ཡག་པོ་བསྟར་བ་དང་། མཉམ་འབྲེལ་ཚོད་ལྟ་ཁང་སོགས་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་ལས་སྟེགས་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། ཚན་རྩལ་གླིང་དང་ལག་རྩལ་སྤོ་སྒྱུར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གསར་དར་ཚན་རྩལ་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་ཚན་རྩལ་གསར་གཏོད་མཉམ་ལས་རྒྱུན་མཐུད་ཟབ་ཏུ་གཏོང་རྒྱུ་རེད། མ་ལེ་ཞི་ཡའི་ཚན་རྩལ་དང་གསར་གཏོད་པུའི་པུའུ་ཀྲང་ཀྲེང་ལི་ཁང་གིས། མ་ལེ་ཞི་ཡ་ཕྱོགས་ཀྱིས་གསར་གཏོད་རྨང་གཞིར་བྱས་པའི་དཔལ་འབྱོར་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བར་གཞོལ་བཞིན་ཡོད་ཅིང་། མ་ལེ་ཞི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་གསར་དར་ཚན་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་དེས་མ་ལེ་ཞི་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པར་རམ་འདེགས་བྱེད་ཐུབ་ཅེས་བརྗོད་པ་རེད།

    “མ་ཀྲུང་འབྲེལ་བར་དེ་བས་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་ཀྱི་ནང་དོན་དང་དུས་རབས་ཀྱི་གསོན་ཤུགས་སྣོན་དགོས”

    ཀྲུང་གོ་དང་མ་ལེ་ཞི་ཡས“རུའུ་ལུགས་དང་དབྱི་སི་ལམ་གྱི་ཤེས་དཔལ་གྱི་སྐད་ཆ་ཤོད་རེས”ཀྱི་མཉམ་ལས་བྱས་ཏེ་ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་དང་ཐ་ན་ས་ཁུལ་རིམ་པའི་ཤེས་དཔལ་སྤེལ་རེས་ཀྱི་ལས་སྟེགས་གཏོད་རྒྱུ་རེད། ཕན་ཚུན་ཐོངས་མཆན་འགོད་མི་དགོས་པའི་གྲོས་ཆོད་ལ་མིང་རྟགས་འགོད་རྒྱུ་གོ་སྐབས་སུ་བྱས་ནས་ཕྱོགས་གཉིས་པོས་ཡུལ་སྐོར་དང་། གཞོན་ནུ། ས་གནས་བཅས་ཀྱི་སྤེལ་རེས་ཤུགས་ཆེན་བྱས་ཏེ་རིག་གནས་དང་། སློབ་གསོ། ལུས་རྩལ། གློག་བརྙན། སྨྱན་སྦྱོར་སོགས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་དམངས་སེམས་འབྲེལ་འདྲིས་ལ་སྐུལ་འདེད་དང་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་བྱ་རྒྱུ་རེད།

    མ་ལེ་ཞི་ཡ་རྒྱལ་སྤྱིའི་དབྱི་སི་ལམ་སློབ་ཆེན་གྱི་སློབ་སྤྱི་ཨའོ་སི་མན་གྱིས“ཀྲུའུ་ཞི་ཞི་ཅིན་ཕིང་གིས‘རུའུ་ལུགས་དང་དབྱི་སི་ལམ་གྱི་ཤེས་དཔལ་གྱི་སྐད་ཆ་ཤོད་རེས’ཀྱི་མཉམ་ལས་དར་སྤེལ་བཏང་གནང་སྟེ་དབྱི་སི་ལམ་གྱི་ཤེས་དཔལ་དང་ཀྲུང་ཧྭའི་ཤེས་དཔལ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་གནང་ཡོད”ཅེས་བརྗོད། ཨའོ་སི་མན་གྱིས་འདས་ཟིན་པའི་ལོ་30རིང་རྦད་དེ་ཤེས་དཔལ་གྱི་སྐད་ཆ་ཤོད་རེས་དང་རིག་གནས་ལས་བརྒལ་བའི་སྤེལ་རེས་ལས་ཀར་གཞོལ་ཡོད།

    མ་ལེ་ཞི་ཡའི་ལོ་ཙཱ་དང་གསར་རྩོམ་མཐུན་ཚོགས་ཀྱི་ཚོགས་གཙོ་ལིན་ཙུན་ཝུན་ནི《ཆུ་ངོགས་གཏམ་རྒྱུད》མ་ལེའི་ཡི་གེར་སྒྱུར་མཁན་གྲས་ཤིག་རེད། ཁོང་གིས། མ་ལེ་ཞི་ཡའི་ཀློག་པ་པོས་ཀྲུང་གོའི་ཕུལ་བྱུང་རིག་གནས་བརྩམས་ཆོས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག “རིག་གནས་སྤེལ་རེས་ནི་དམངས་སེམས་ཀྱི་འབྲེལ་ཐག་དམ་དུ་གཏོང་བའི་འབྲེལ་ཟམ་གལ་ཆེན་ཞིག་རེད། མ་ལེ་ཞི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་གྲགས་ཅན་བརྩམས་ཆོས་ཡིག་སྒྱུར་དང་དཔེ་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་དེས་རིག་གནས་སྤེལ་རེས་ལ་སྐུལ་འདེད་དང་ཕན་ཚུན་བསམ་ཤེས་དང་མོས་སེམས་ཟབ་ཏུ་གཏོང་ཐུབ”ཅེས་བརྗོད་པ་རེད།

    “ས་ཁུལ་དང་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་དེ་བས་མང་བ་མཁོ་འདོན་བྱེད་ཀྱི་ཡོད”

    ཀྲུང་གོ་དང་མ་ལེ་ཞི་ཡ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་དང་། གསར་དར་ཁྲོམ་རའི་དཔལ་འབྱོར་དངོས་ཚན་གྱི་འཐུས་ཚབ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཞུགས་མཁན་གལ་ཆེན་བཅས་ཡིན། ཕྱོགས་གཉིས་པོས་ཀྲུང་གོ་དང་མ་ལེ་ཞི་ཡས་ལག་གདང་སྦྲེལ་ནས་ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་པ་མ་ཟད། ས་ཁུལ་དེ་གའི་མདུན་ལམ་དང་ལས་དབང་དང་ཡང་འབྲེལ་བ་ཡོད་པས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    མ་ལེ་ཞི་ཡའི་འགྲིམ་འགྲུལ་པུའི་པུའུ་ཀྲང་ཟུར་པ་དང་མ་ལེ་ཞི་ཡའི་ཀྲུང་གོ་བའི་ལས་རིགས་གཅིག་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཝུའེ་ཅ་ཞང་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་ཡོད། ཁོང་གིས“ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་ལས་མ་ཀྲུང་འབྲེལ་བ་ཕན་ཚུན་ཡིད་ཆེས་བྱེད་ཚད་དེ་བས་ཟབ་པ་དང་མཉམ་ལས་བྱེད་ཚད་དེ་བས་རྒྱ་ཆེ་བའི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད་ལ། ས་ཁུལ་གྱི་མཉམ་ལས་ཐད་ལེའུ་གསར་པའང་བརྩམས་ཡོད” “མིག་སྔར་ཕྱོགས་མང་རིང་ལུགས་ལ་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྒོ་དབྱེ་བསྟུན་མཁས་དང་གཉིས་ཁེ་གཉིས་ཕན་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མ་ལེ་ཞི་ཡ་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱས་ནས་ས་ཁུལ་དང་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་དེ་བས་མང་བ་མཁོ་འདོན་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།