བོད་ལྗོངས་ཀྱི་ལས་བཟོའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཁྲ་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་བྱས་པའི་དངུལ་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས(གཤམ་དུ“ལྗོངས་སྨན་བཅོས་འགན་སྲུང་ཅུས”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱས་པར། ན་ནིང་ཟླ་12ཚེས་19ཉིན“སྨན་བཅོས་འགན་བཅོལ་དངུལ་ཁུག”ཁུལ་ཡོངས་ཀྱི་དྲ་ཐོག་ཏུ་སྤྱོད་འགོ་བཙུགས་ཚུན། རང་ལྗོངས་ཀྱི་མི་ཁྲི་1.1གིས“སྨན་བཅོས་འགན་བཅོལ་དངུལ་ཁུག”ཐད་ཀར་སྤྱོད་པ་དང་མཉམ་དུ་སྤྱོད་ཐེངས་4275ཟིན་ཡོད་ལ། དངུལ་འབོར་སྒོར་ཁྲི་410.91ཟིན་པའི་ནང་ཞིང་ཆེན་ཕྱིར་ཐེངས་1789སྤྱད་པར་དངུལ་འབོར་སྒོར་ཁྲི་161.91ཟིན་ནས་ལས་བཟོའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཁྲ་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་བྱས་པའི་དངུལ་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ལོ་མཇུག་ཏུ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཁྲ་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་བྱེད་འགོ་ཚུགས་ཤིང་། ལས་བཟོའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཁྲ་ཞིང་ཆེན་བརྒལ་ནས་མི་སྒེར་རམ་ཡང་ན་རང་ཉིད་ཀྱི་གཉེན་ཉེར་གྲོང་མིའི་སྨན་བཅོས་འགན་བཅོལ་དང་སྨན་རིན་སྤྲོད་ཆོག “སྨན་བཅོས་འགན་བཅོལ་དངུལ་ཁུག”གི་དངུལ་སྒྱུར་ནི་གཉེན་ཉེའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཁྲ་དང་མཉམ་སྤྱོད་བྱེད་པའི་བྱ་ཐབས་ཤིག་རེད།
“སྨན་བཅོས་འགན་བཅོལ་དངུལ་ཁུག”ནས་དངུལ་སྒྱུར་དགོས་ན། སྒེར་གྱི་སྨན་བཅོས་འགན་བཅོལ་གྱི་རྩིས་ཁྲའམ་ཡང་ན“སྨན་བཅོས་འགན་བཅོལ་དངུལ་ཁུག”ནང་གི་དངུལ་གཉེན་ཉེའི་སྨན་བཅོས་འགན་བཅོལ་དངུལ་ཁུག་ནང་བླུགས་ནས་སྨན་བཅོས་དང་སྨན་རིན་མཇུག་རྩིས་རྒྱག་པ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་སྒེར་གྱི་གྲོན་དངུལ་འཇལ་བ་སོགས་ལ་སྤྱོད་ཆོག
རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“སྨན་བཅོས་འགན་བཅོལ་དངུལ་ཁུག”ཁྱབ་གདལ་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཆ་རྐྱེན་འཛོམས་པའི་ཞིང་ཆེན་དང་གྲོང་ཁྱེར་དང་ཞིང་ཆེན་སྒྲོལ་བའི་སྦྲེལ་མཐུད་མཉམ་འབྲེལ་ལེགས་སྒྲིག་ལས་དོན་མུ་མཐུད་སྤེལ་ནས“སྨན་བཅོས་འགན་བཅོལ་དངུལ་ཁུག”སྤྱོད་ཚད་མུ་མཐུད་ལེགས་སུ་བཏང་བ་དང་སྨན་བཅོས་འགན་བཅོལ་དངུལ་སྤྱོད་ས་མང་དུ་བཏང་སྟེ། རང་ལྗོངས་ཀྱི་ལས་བཟོ་ཚོས“སྨན་བཅོས་འགན་བཅོལ་དངུལ་ཁུག”ལས་བྱུང་བའི་ཕན་ཆེ་དང་སྟབས་བདེའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་རྒྱུ་རེད་ཅེས་བཤད།