དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་10ལྷག་ཙམ་སྐྱེལ་འདྲེན་བྱས་པ།
ཡུལ་སྐོར་མེ་འཁོར་ཤོང་ཚད་སྤུས་འཕར་བྱུང་ནས་དུས་མཚུངས་ཀྱི་ལོ་རྒྱུས་ཟིན་ཐོ་གསར་པ་བཏོད་པ།
● འདི་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་དུང་ཕྱུར་10.74སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་5.9%འཕར་བ།
● དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་མེ་འཁོར་187བཏང་བས་དུས་མཚུངས་ལས་30%འཕར་བ།
གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། འདི་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་དུང་ཕྱུར་10.74སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་5.9%འཕར་ནས་དུས་མཚུངས་ཀྱི་ལོ་རྒྱུས་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
འགྲུལ་སྐྱེལ་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཞིང་། དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་11266བཏང་ནས་དུས་མཚུངས་ལས་7.4%འཕར་ཡོད། ལྕགས་ལམ་12306གི་སྤ་སེ་ཉོ་སྒྲུབ་ཀྱི་གྲངས་གཞི་ཆེན་པོར་བརྟེན་ནས་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་པའི་ཕྱིར་སྐྱོད་དགོས་མཁོར་གནད་སྨིན་དབྱེ་ཞིབ་བྱས་ཏེ། མྱུར་བགྲོད་ལྕགས་ལམ་གྱི་བགྲོད་ལམ་གཙོ་བོའི་མཚན་མོའི་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་སྤྱིར་བཏང་མེ་འཁོར་གཏོང་དགོས་པའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་འགྲུལ་པའི་སྣ་མང་ཅན་གྱི་ཕྱིར་སྐྱོད་དགོས་མཁོ་སྐོང་གི་ཡོད་པ་རེད།
ཡུལ་སྐོར་མེ་འཁོར་གྱི་ཤོང་ཚད་དང་སྤུས་ཚད་འཕར་ཞིང་། དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་མེ་འཁོར་187བཏང་བས་དུས་མཚུངས་ལས་30%འཕར་ཏེ“དོམ་ཁྲ་ཆེད་གཏོང་མེ་འཁོར”དང་། “དབྱི་ཁྲུན་རྟགས་ཅན” “གཙང་པོ་ཆེན་པོ་ལྷོ་ཕྱོགས་རྟགས་ཅན” “ཆི་ལུའུ་ཨང་དང་པོ”སོགས་སྤུས་རྟགས་བཏོད་ཡོད་པ་རེད། རྒྱལ་སྒྲོལ་འགྲུལ་སྐྱེལ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཤང་ཀང་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་གྱིས་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་729.1སྐྱེལ་འདྲེན་བྱས་ནས་དུས་མཚུངས་ལས་10%འཕར་ཡོད་པ་རེད།