མངའ་རིས་ས་ཁུལ་སྒར་རྫོང་གཙོ་ཚོ་ཤང་རྒོད་ཚང་སྟོད་གྲོང་ཚོས།
སྒྱུར་བཅོས་ནུས་སྤྲོད་ཀྱིས་འབྲོག་ལས་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་བསྐྱོད་པ།
ས་བབ་མཐོ་ཚད་སྨི་4600ལྷག་ཙམ་ཟིན་པའི་མངའ་རིས་ས་ཁུལ་སྒར་རྫོང་གཙོ་ཚོ་ཤང་རྒོད་ཚང་སྟོད་གྲོང་ཚོར་གྲང་ངར་ཆེ་མོད། འོན་ཀྱང་གྲོང་མི་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད། དེ་ནི་ཉིན་ཤས་གོང་རྒོད་ཚང་སྟོད་གྲོང་ཚོས་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་སུ་གྲོང་ཚོའི་དམངས་ཕྱུག་དམངས་ཕན་གྱི་དབུལ་སྐྱོར་མཉམ་ལས་ཁང་གི་2024ལོའི་མཉམ་སྡེབ་བགོ་འགྲེམས་བྱེད་སྒོ་སྤེལ་ནས་གྲོང་ཚོའི་ཡུལ་མིར་དྲོ་སྐྱིད་སྦྱིན་པས་རེད།
“ན་ནིང་མཉམ་ལས་ཁང་ལ་ཡོང་འབབ་ཡག་པོ་བྱུང་ནས་ཁྱོན་སྒོར་ཁྲི་438.23བགོས་ཡོད། དངུལ་སྨར་ཕུད་ང་ཚོས་ད་དུང་ཚོགས་མི་རེར་ལུག་3དང་། ར་2 མར་རྒྱ་མ་10 ཕྱུར་བ་རྒྱ་མ་8བཅས་བགོས་ཏེ་ཚང་མར་འབྲོག་ཁུལ་སྒྱུར་བཅོས་ལས་བྱུང་བའི་ཕན་པ་ལོངས་སྤྱོད་ཐུབ་པར་བྱས་ཡོད”ཅེས་མཉམ་ལས་ཁང་གི་ཅིང་ལི་སངས་རྒྱས་སྲི་ཆོས་ཀྱིས་ངོ་སྤྲོད་བྱས།
2020ལོར་སྒར་རྫོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“རྒོད་ཚང་སྟོད་གྲོང་ཚོའི་འབྲོག་ཁུལ་གྱི་ཚོད་ལྟའི་སྒྱུར་བཅོས”ཀྱི་བསམ་ཕྱོགས་གསར་གཏོད་བྱས་ནས་བཏོན་པ་དང་ཆབས་ཅིག་2021ལོའི་ལོ་མཇུག་ཏུ་དངོས་སུ་ལག་ལེན་བྱེད་འགོ་ཚུགས་ཡོད། དེ་ནས་བཟུང་རྒོད་ཚང་སྟོད་གྲོང་ཚོ་དེ་འཕེལ་རྒྱས་ཀྱི“མགྱོགས་ལམ”ཐོག་བསྐྱོད་ནས་མཉམ་སྡེབ་དཔལ་འབྱོར་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཐད་ངོ་བོའི་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།
རྒོད་ཚང་སྟོད་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ནོར་བུ་དགྲ་འདུལ་གྱིས་འབྲོག་ཁུལ་སྒྱུར་བཅོས་ལས་དོན་སྤེལ་ཚུན་སྒར་རྫོང་གིས་སྔ་རྗེས་སུ་ཁོང་ཚོའི་གྲོང་ཚོར་ཁུལ་ལྡན་ར་དཀར་པོའི་གསོ་ཚགས་ར་བ་དང་། ཕྱུགས་ལས་ཐོན་རྫས་ལས་སྣོན་བཟོ་གྲྭ ཚགས་ཤ་སྐམ་པོའི་བཟོ་གྲྭ་དང་དེ་བཞིན་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཕྱིར་ཚོང་ས་ཚིགས་ཀྱི་གྲང་ཉར་མཛོད་ཁང་འཛུགས་སྐྲུན་སོགས་རྣམ་གྲངས་མང་པོ་ལག་བསྟར་བྱས་ཡོད། རྣམ་གྲངས་དེ་དག་གཞིས་ཆགས་པ་ལས་སྔོན་ཆད་རྒོད་ཚང་སྟོད་གྲོང་ཚོའི་གྲོང་མིས་ཕྱུགས་ལས་ཐོན་རྫས་སིལ་མ་སེང་གེ་ཁ་འབབ་གྲོང་རྡལ་དུ་ཁྲོམ་བཏོན་ནས་འཚོང་བའི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད།
མིག་སྔའི་བར་གྲོང་ཚོ་ཡོངས་སུ་དུད་ཚང་72ཀྱི་མི་214ཡིས་ཕྱུགས་ཟོག་དང་ངལ་ནུས་མ་རྐང་ནང་ཞུགས་པའི་རྣམ་པར་བརྟེན་ནས་མཉམ་ལས་ཁང་ནང་ཞུགས་པ་རེད།
གྲོང་མི་འཕྲིན་ལས་ནི་དེའི་ཁྲོད་ཀྱི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། “ལོ་བཞི་ཡི་གོང་མཉམ་ལས་ཁང་འཛུགས་སྐབས་ངས་ཁྱིམ་གྱི་ལུག་80དང་འབྲི་གཡག་2འཁྲིད་ནས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པ་དེ་ནི་ངས་བྱས་པའི་བྱ་བ་ཡག་ཤོས་དེ་རེད་འདུག ལོ་ཁ་ཤས་སོང་རིང་མཉམ་ལས་ཁང་གི་ཡོང་འབབ་ལོ་རེ་ལས་མ་འདས་པར་ལེགས་སུ་ཕྱིན་ནས། ལོ་ལྟར་ཁེ་སྤོགས་མི་ཉུང་བ་ཞིག་བྱུང་བ་དེ་སྔོན་ཆད་ཁེར་རྐྱང་དུ་སྒྲུབ་པ་ལས་ལྡབ་ཁ་ཤས་ཀྱིས་ཡག་པ་འདུག”འཕྲིན་ལས་ཀྱིས་འབྲོག་ཁུལ་སྒྱུར་བཅོས་ལ་ཁས་ལེན་བྱེད་ཀྱིན་སེམས་འགུལ་ཆེན་པོས་དེ་ལྟར་བཤད།
རྒོད་ཚང་སྟོད་གྲོང་ཚོའི་འབྲོག་ཁུལ་སྒྱུར་བཅོས་ཀྱིས་ཐོག་མཐའ་བར་གསུམ་དུ“མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ནས་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པའི”རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་སྣ་མང་གི་འབབ་འཕར་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། འབྲོག་ཁུལ་སྒྱུར་བཅོས་གོ་སྐབས་སུ་བྱེད་པ། མཉམ་ལས་ཁང་གི་སྐྱེལ་འདྲེན་རླངས་འཁོར་རུ་ཁག་འཛུགས་པ་བཅས་བྱས་ཏེ་ཡུག་རྩྭ་དང་མུག་ཤོད་སོགས་སྔོ་རྩྭ་འདེབས་འཛུགས་གཞི་ཁྱོན་ཅན་གྱི་སྒོ་ནས་འཕེལ་རྒྱས་བཏང་ཡོད། དེ་དང་ཆབས་ཅིག་ནོར་ལུག་གི་ཁུ་ལུ་གཅིག་སྡུད་འཚོང་བ་དང་བཟོ་རྩལ་མཁས་པ་སྔོག་འདོན་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་མི་ཚོའི་ཡོང་འབབ་ཡོང་ཁུངས་དེ་བས་སྣ་མང་ཕུན་སུམ་ཚོགས་པོ་ཡོང་བར་བྱས་ཡོད།
དེང་གི་རྒོད་ཚང་སྟོད་གྲོང་ཚོར་འབྲོག་ཁུལ་སྒྱུར་བཅོས་ཀྱི་སྐུལ་འདེད་ནུས་ལྡན་འོག་འབྲོག་ལས་ཐོན་ལས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གྲོང་མི་ཚོས་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ཏེ་སྒྱུར་བཅོས་ཀྱི་དཔྱིད་རླུང་ཁྲོད་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་བཞིན་ཡོད་པ་དང་། དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་མཛེས་རིས་ཤིག་ཞིག་དལ་བུར་མངོན་བཞིན་ཡོད།