ལྷུན་གྲུབ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས།
དབུལ་སྒྲོལ་དུད་ཚང་གི་བུད་མེད“ཁྱིམ་གྱི་སྒོ་རྩར” ལས་ཞུགས་ཐུབ་པར་རོགས་རམ་བྱས་པ།
ཉེ་དུས་ལྷུན་གྲུབ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་མཐུད་ཧུར་ཐག་བྱས་ནས་ལྷུན་གྲུབ་རྫོང་གི་དབུལ་སྒྲོལ་དུད་ཚང་གི་བུད་མེད་ལྔ་ལྷ་ས་གྲོང་ཁྱེར་མཚུར་ཕུའི་བོད་སྤོས་ཚད་ཡོད་ཀུང་སིར་ལས་ཞུགས་བྱེད་པར་རོགས་རམ་དང་དབུལ་སྒྲོལ་དུད་ཚང་ལ་འབབ་འཕར་ཡོང་བ་བྱས་ཡོད།
ལྷུན་གྲུབ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་གསེབ་ཏུ་བསྐྱོད་དེ་བརྟག་དཔྱད་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ལྷུན་གྲུབ་རྫོང་གི་དབུལ་སྒྲོལ་དུད་ཚང་གི་བུད་མེད་ཀྱི་ལས་ཞུགས་འདུན་པ་དང་། ལག་རྩལ་ཆུ་ཚད། ཁྱིམ་ཚང་གནས་ཚུལ་བཅས་ཁོང་དུ་ཆུད་པར་བྱས་པ་དང་ཁོང་ཚོ་མང་ཆེ་བ་ཁྱིམ་ཚང་ལ་ལྟ་རྟོག་བྱེད་དགོས་པའི་དབང་གིས་ཕྱིར་ལས་ཀར་འགྲོ་མི་ཐུབ་པ་ཤེས་པ་དང་། ཁྱིམ་གྱི་སྒོ་རྩར་ལས་ཀ་བརྟན་པོ་ཞིག་རག་རྒྱུའི་རེ་བ་འཆང་བཞིན་ཡོད། དུས་མཚུངས་སུ་ལྷུན་གྲུབ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་མཚུར་ཕུ་བོད་སྤོས་ཚད་ཡོད་འགན་འཁྲི་ཀུང་སི་དང་འབྲེལ་མཐུད་ཧུར་ཐག་བྱས་པ་དང་ཁེ་ལས་ཀྱི་ལས་མི་སྤྱོད་པའི་དགོས་མཁོ་དང་དབུལ་སྒྲོལ་དུད་ཚང་གི་བུད་མེད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་ལས་གནས་བཀོད་སྒྲིག་འོས་འཚམ་བྱས་པ་རེད།
ལས་གནས་གཏན་འཁེལ་བྱས་རྗེས། ལྷུན་གྲུབ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབུལ་སྒྲོལ་དུད་ཚང་གི་བུད་མེད་རྣམས་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་མཚུར་ཕུ་བོད་སྤོས་འགན་འཁྲི་ཀུང་སིར་ས་གནས་ས་ཐོག་ཏུ་ངོ་རྒྱུགས་གཏོང་བ་དང་ལས་གནས་འབྲེལ་མཐུད་བྱས་པ་རེད། ཁེ་ལས་ཀྱི་མི་སྤྱི་སྡེ་ཚན་གྱི་འགན་འཁུར་བས་ལས་ཀའི་ནང་དོན་དང་། གླ་ཆ། ལས་ཀའི་དུས་ཚོད། ཕན་བདེ་འགན་ལེན་སོགས་ངོ་སྤྲོད་ཞིབ་ཚགས་བྱས་པ་རེད།
ཕྱོགས་གཉིས་པོས་སྤེལ་རེས་གཏིང་ཟབ་དང་གདམ་ག་བྱས་པ་བརྒྱུད། མཐར་དབུལ་སྒྲོལ་དུད་ཚང་གི་བུད་མེད་ལྔ་ཁེ་ལས་སུ་ལས་ཞུགས་ཐུབ་པ་མ་ཟད། ས་གནས་ས་ཐོག་ཏུ་ལས་ཞུགས་གན་རྒྱའང་བཞག་པ་རེད།
ལྷུན་གྲུབ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཀྱི་བྱེད་སྒོ་ནི་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། དེས་བུད་མེད་ཚོའི་ལས་ཞུགས་དཀའ་གནད་ཐག་གཅོད་ཐུབ་པ་དང་ཁྱིམ་ཚང་ལ་འབབ་འཕར་བྱུང་བ་མ་ཟད། ད་དུང་ཁེ་ལས་ལ་ངལ་ནུས་མཁོ་འདོན་བྱས་པས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་ནས་རྫོང་ཡོངས་ཀྱི་གྲོང་གསེབ་དར་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།