རྨང་རྩ་གཉིས་བརྟན་གྱིས་བཙན་རྫོང་བརྟན་དུ་བཏང་། སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ཡོང་བར་བྱས།
—— ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།
ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཞན་ཆ་སེལ་བ། ཉམས་ཞན་ལེགས་གཏོང་། མཐོར་འདེགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པར་སྐུལ་འདེད་བཏང་སྟེ། ཞིང་འབྲོག་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད།
ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་བསམ་བློའི་ཁ་ཕྱོགས་བརྟན་དུ་བཏང་བ།
ཏང་གི་འཐབ་ཇུས་ནུས་པ་ཡོངས་རྫོགས་ཀྱི་རྨང་གཞི་གཞི་རིམ་དུ་ཡོད་ལ་བོད་ཀྱི་ལས་དོན་གྱི་སྲ་ཞིང་བརྟན་པའི་སྟོབས་ཤུགས་ཀྱི་འདེགས་སྐྱོར་ཡང་གཞི་རིམ་དུ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་རྒྱུན་མཐུད་སྤེལ་ཡོད།
གཞན་ཡང་རྩ་འཛུགས་མ་ལག་གི་ཚགས་དམ་དུ་གཏོང་ཆེད་གྲོང་ཚོ་རེར་ཏང་རྩ་འཛུགས་རེ་ཡོད་པའི་རྨང་གཞིའི་ཐོག་ལྗོངས་ཡོངས་ཀྱི་དྲ་མིག་དང་། དུད་སྦྲེལ་ཚན་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་སོགས་ཁྲི་4ལྷག་ཙམ་དུ་ཏང་རྩ་འཛུགས(ཏང་ཚོགས་ཆུང)བཙུགས་པ་དང་། མཐའ་མཚམས་སྐོར་ཞིབ་ས་ཚིགས་དང་། མཐའ་མཚམས་ཚོང་དོན་འགག་སྒོ། ཕྱུགས་འཚོ་ས། དབྱར་རྩྭ་དགུན་འབུ་འཐུ་ས་སོགས་སུ་གནས་སྐབས་ཀྱི་ཏང་རྩ་འཛུགས་7000ལྷག་ཙམ་བཙུགས་པས། གང་དུ་ཏང་ཡོན་ཡོད་ན་དེ་གར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བ་དང་ཏང་གི་རྩ་འཛུགས་དང་ལས་དོན་ཕྱོགས་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད།
དམག་འཐབ་བཙན་རྫོང་སྟོབས་ཆེན་བསྐྲུན་ནས་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
“གྲོང་ཚོས་གྲོང་ཚོར་ལྟ་བ་དང་། དུད་ཚང་གིས་དུད་ཚང་ལ་ལྟ་བ། ཞིང་པས་ལས་བྱེད་པར་ལྟ་བ”བཅས་བྱས་ཤིང་། གྲོང་གསེབ་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྣེ་ཁྲིད་པ་ཡག་པོར་བརྟེན་ཐུབ་པ་བྱས་ཡོད།
ཞིབ་ཕྲའི་བྱེད་ཐབས་ཐད་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་བྱེད་པ་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ཆེད་བསྐོས་པ་དང་། ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ། དམག་ཞབས་ཐིམ་པའི་ཕུལ་བྱུང་དམག་མི། རང་ཡུལ་དུ་ལོག་པའི་ཕྱུག་འགྱུར་འཇོན་ཐང་ཅན་སོགས་ཀྱི་ཁྲོད་ནས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཚན་ཁག་གི་ཁོངས་མི་འདེམས་བསྐོ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱས་ཡོད།
མིག་སྔའི་བར་ལྗོངས་ཡོངས་ནས་གྲོང་ཚོའི་ལས་འགན་གཙོ་བོ་འཁུར་མཁན་9000ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ལྗོངས་ཕྱིའི་གསོ་སྦྱོང་ནང་ཞུགས་པ་དང་གསོ་སྦྱོང་ལ་ཞུགས་ཚད་92%ཟིན་ཡོད།
དེ་དང་ཆབས་ཅིག་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་རྫོང་རིམ་པའི་ཏང་ཨུད་ཀྱི་ཐོ་འགོད་དོ་དམ་དང་གྲོང་ཚོའི་ལས་བྱེད་པའི་རྫོང་རིམ་པའི་མཉམ་འབྲེལ་ཞིབ་བཤེར་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། གྲོང་ཚོའི་ལས་བྱེད་པ་དང་ལྷག་པར་དུ“འགན་ལྕི་རང་འཁུར”མི་སྣའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གྲོང་ཚོའི་ལས་བྱེད་པའི་སྐབས་དེའི་ཁྲོད་ནས་འགུལ་རྣམ་ལེགས་སྒྲིག་བྱས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད། གྲོང་ཚོ་རིམ་པའི་སྟོབས་ཤུགས་ཆེ་རུ་བཏང་ནས་2019ལོ་ཚུན་དུ་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོད་ནས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་6300ལྷག་ཙམ་བསྡུས(ཁ་གསབ)ཏེ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོང་གསེབ་དར་རྒྱས་དང་། བརྟན་ལྷིང་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་དམ་འཛིན་བྱེད་པར་རམ་འདེགས་བྱས་ཡོད།
ལས་ཀའི་ལམ་སྲོལ་གསར་གཏོད་བྱས་ནས་རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།
གསར་གཏོད་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན། རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཏེ། ཏང་རྩ་འཛུགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཡོད།
——གྲོང་ཚོའི་ལས་བྱེད་པའི་གླ་ཕོགས་དང་ཐོབ་ཐང་མཐོ་རུ་བཏང་ཞིང་། གྲོང་ཚོའི་ལས་བྱེད་པའི་གླ་ཕོགས་ཀྱི་ཐོབ་ཐང་འགུལ་རྣམ་འཕར་བ་དང་ལས་རྗེས་དཔྱད་ཞིབ་བྱ་དགའ་སྤྲོད་པའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། 2024ལོར་ལྟེ་བའི་ས་ཁུལ་གྱི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་གནས་གཙོ་བོ་འཁུར་མཁན་གྱི་གླ་ཕོགས་ཀྱི་ཐོབ་ཐང་ནི་མི་རེར་ལོ་རེར་སྒོར་40060ཡིན་པ་དང་། གྲོང་ཚོའི་ལས་བྱེད་པ་གཞན་དག་ལ་ལས་གནས་གཙོ་བོ་འཁུར་མཁན་གྱི་80%ལྟར་གཏན་འཁེལ་བྱས་ཏེ་མི་རེར་ལོ་རེར་སྒོར་32048སྤྲོད་ཀྱི་ཡོད།
——གྲོང་ཚོ་རིམ་པའི་གྲོན་དངུལ་འགན་སྲུང་དོན་འཁྱོལ་བྱས་ཤིང་། 2018ལོ་ནས་བཟུང་གྲོང་ཚོ་རིམ་པའི་ཏང་འཛུགས་སྐྱོང་ལས་དོན་གྱི་གྲོན་དངུལ་མང་དུ་ཤུགས་ཆེན་བཏང་ནས། གྲོང་ཚོ་རེར་སྒོར་ཁྲི་10བར་མང་དུ་བཏང་བ་དང་གཙོ་བོ་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་བྱེད་སྒོ་དང་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ལ་སྤྱད་དེ། ལས་དོན་ཁག་ཚད་དང་མཐུན་པའི་སྒོ་ནས་འཁོར་སྐྱོད་བྱེད་པར་འགན་ལེན་ནུས་ལྡན་བྱས་ཡོད།
——བྱེད་སྒོ་སྤེལ་ཡུལ་ཡག་པོ་བསྐྲུན་པ་དང་བེད་སྤྱོད་ཡག་པོ་བཏང་ཞིང་། རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་86.67(རང་སྐྱོང་ལྗོངས་ཀྱིས་སྒོར་དུང་ཕྱུར་19.81བཏང་བ)བཏང་སྟེ། ཚད་ལྡན་ཅན་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་5500ལྷག་ཙམ་གསར་སྐྲུན་དང་སྒྱུར་བཀོད་རྒྱས་སྐྲུན་བྱས་ཡོད།
མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།
ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ནི་གྲོང་གསེབ་དར་རྒྱས་ཀྱི“སྲོག་ཤིང”ཡིན། རང་ལྗོངས་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ། གཞི་རིམ་ཏང་འཛུགས་སྐྱོང་དང་ཞིང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོང་སོགས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།
ཏང་འཛུགས་སྐྱོང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་དམ་འཛིན་ཡག་པོ་བྱ་ཆེད། རང་ལྗོངས་ཀྱིས་ཚོད་ལྟའི་རྫོང(ཆུས)7ལ་ཏང་འཛུགས་སྐྱོང་གིས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཚོད་ལྟའི་ལས་དོན་ཏན་ཏིག་སྤེལ་བར་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ཏེ། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་དུ་འབྲེལ་བའི་གྲོང་གསེབ་བཅོས་སྐྱོང་མ་ལག་དང་ཀུན་སྤྱོད་སློབ་གསོའི་དངུལ་ཁང་། སྐར་གསོག་སྒོ་རྩིས་ཚོང་ཁང་སོགས་ཀྱི་རྣམ་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། དྲ་མིག་ཅན་གྱི་དོ་དམ་བྱེད་པ་དང་། གྲངས་འཛིན་ཅན་གྱི་མཐུན་རྐྱེན་སྦྱོར་བ། ཞིབ་ཚགས་ཅན་གྱི་ཞབས་འདེགས་ཞུ་བ་བཅས་ལ་སྐུལ་འདེད་བཏང་ཡོད།