ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྒྱང་ཐང་གྲོང་ཚོས།
ཏང་འཛུཌ་སྐྱོང་ཁྲོད“སྐར་གསོག་ལམ་ལུགས”ལ་ཁྲིད་སྟོན་བྱས་ཏེ་བཅོས་སྐྱོང་གི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།
འདི་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྒྱང་ཐང་གྲོང་ཚོས་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ཏེ། ཏང་འཛུགས་སྐྱོང་ཁྲོད“སྐར་གསོག་ལམ་ལུགས”ལ་ཁྲིད་སྟོན་བྱེད་སྟངས་གསར་གཏོད་ཁྱབ་གདལ་བཏང་ཞིང་། དངོས་པོ་དང་བསམ་པ་གཉིས་ཀས་སྐུལ་ལྕག་བྱེད་པའི་ཐབས་གཉིས་མཉམ་སྤྱོད་བྱས་ཏེ། མང་ཚོགས་གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པའི་ནང་སྐྱེས་སྒུལ་ཤུགས་ནུས་ལྡན་འཕེལ་བར་བྱས་པས། གཞི་རིམ་བཅོས་སྐྱོང་དེ“གྲོང་ཚོའི་དོན་དག”ནས“ཁྱིམ་ཚང་ཚང་མའི་དོན་དག”ཏུ་བསྒྱུར་ཐུབ་པ་བྱུང་ཡོད།
རྒྱང་ཐང་གྲོང་ཚོས་དྲིལ་བསྒྲགས་སློབ་སྦྱོང་དང་ལས་བརྩོན་ཕྱུག་འགྱུར་སོགས་རིགས་ཁག་ཆེན་པོ་དྲུག་ཚུད་པའི་སྐར་གསོག་མ་ལག་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དེ་བདེ་འཇགས་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། “དྲང་ལྡོག་གཉིས་ཀའི”སྐར་གསོག་སྒྲོམ་གཞི་བཙུགས་པ། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་སྤ་སེ་གཅིག་གིས་ཁྲུ་སློག་བཏང་ནས་སྐར་གསོག་དོ་དམ་ལ་གཞི་འཛིན་ས་ཡོད་པར་བྱས་ཡོད།
དེ་བས་ལེགས་པའི་སྒོ་ནས་སྐར་གསོག་གི་ཕན་ནུས་འདོན་ཆེད། གྲོང་ཚོར“སྐར་གསོག་བརྗེ་རེས་སྒོ་རྩིས་ཚོང་ཁང”བཙུགས་པ་མ་ཟད། དུད་ཚང་ཚན་པར་བྱས་ནས་སྐར་མ་བསགས་པ་བསྡོམས་རྩིས་བརྒྱབ་པ་དང་དུས་ཚིགས་དུས་འཁོར་དུ་བྱས་ནས་བརྗེ་རེས་བྱེད་སྒོ་སྤེལ་ཏེ་མང་ཚོགས་ལ་བསགས་པའི་སྐར་མ་དང་འཚོ་བའི་མཁོ་ཆས་བརྗེ་བར་སྟབས་བདེ་བསྐྲུན་ཡོད། དེ་དང་ཆབས་ཅིག་སྐར་མ་མང་བའི་ཁྱིམ་ཚང་སྔོན་ཐོན་དཔྱད་འདེམས་ནང་སྔོན་ལ་ཞུགས་ནས་སྲིད་ཇུས་ཀྱི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་པར་བྱས་པས། སྐར་གསོག་གི་བྱེད་སྒོ་ཆུང་ངུར་བརྟེན་ནས་གྲོང་གསེབ་ཀྱི་ཤེས་དཔལ་དར་རྒྱས་ཆེན་པོ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དེ་གོང་རྒྱང་ཐང་གྲོང་ཚོས་ཤེས་དཔལ་ལག་ལེན་ས་ཚིགས་ལ་བརྟེན་ནས་སྐར་གསོག་བརྗེ་རེས་ལས་དོན་སྤེལ་ཏེ། སྔ་རྗེས་སུ་མང་ཚོགས་ལ་འཚོ་བའི་མཁོ་ཆས་ཐེངས་100ལྷག་ཙམ་བརྗེས་ནས་གྲོང་མི་གཞི་རིམ་བཅོས་སྐྱོང་ནང་ཞུགས་རྒྱུར་ལས་སྟེགས་བསྐྲུན་ཡོད།