ཤེས་ལྡན་པའི་བོད་སྐྱོར་གྱིས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་སྦྱིན་པ།
ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2024ལོར་རིག་གནས་དང་ཡུལ་སྐོར་པུའུ་དང་དེ་བཞིན་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཤེས་ལྡན་པའི་བོད་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མ་ལག་ཅན་དང་རིམ་པ་མང་བའི་ཤེས་ལྡན་པ་གསོ་སྐྱོང་གི་འདུ་འགོད་ལ་བརྟེན་ཏེ་བོད་ཀྱི་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་སྦྱིན་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཤེས་ལྡན་པའི་བོད་སྐྱོར་དེ་རྨང་གཞིའི་རང་བཞིན་གྱི་ལས་ཀར་བརྩིས་ནས་སྐུལ་འདེད་བཏང་སྟེ། 2024ལོར་རིག་གནས་ཤེས་ལྡན་པའི་ཆེད་དོན་གྲོན་དངུལ་སྒོར་ཁྲི་2238གཤམ་སྤྲོད་བྱས་ནས“མངགས་ཐོ་རྣམ་པའི”ཤེས་ལྡན་པ་གསོ་སྐྱོང་དང་། བོད་ཀྱི་གཞི་རིམ་རིག་གནས་ཤེས་ལྡན་པ་མཉམ་སྐྲུན། དེ་བཞིན་སློབ་རྒྱུས་ཀྱི་ནུས་པའི“མཐོར་གཏོང་གཉིས”ཀྱི་འཆར་གཞི་ཕྱོཌ་ཡོངས་ནས་ལག་བསྟར་བཅས་བྱས་པ་རེད། པུའུ་ཁོངས་གཏོགས་ཚན་པས་བོད་རང་སྐྱོང་ལྗོངས་ཐད་གཏོགས་རིག་གནས་ཚན་པའི་རྐང་འཛིན་པ་10ལྗོངས་ཕྱིར་ལས་གནས་ཐོག་སློབ་སྦྱོང་བྱེད་པར་བསྡུས་པ་དང་། མཉམ་སྐྲུན་མཐོ་སློབ་ཀྱིས་བོད་ནས་རིག་གནས་དང་རིག་རྩལ་རིགས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་16བསྡུས་པ།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) པེ་ཅིང་ཞབས་བྲོ་སློབ་གླིང་གིས་རང་ལྗོངས་ཀྱི་ལས་ཐོག་ཞབས་བྲོ་བ་40ལྷག་ཙམ་ལ་སློབ་རྒྱུས་མཐོ་རུ་དང་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་བྱས་པ་བཅས་རེད། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས“ནང་དུ་གདན་འདྲེན་པ་དང་ཕྱིར་བསྐྱོད་པའི”བྱེད་ཐབས་བརྒྱུད། རང་ལྗོངས་ཀྱི་ཉེར་སྤྱོད་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ཅང་སུའུ་ཞིང་ཆེན་གྱིས་ལྷ་ས་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་གྱི་རྐང་འཛིན་པ་160སྒྲིག་འཛུགས་བྱས་ནས་གཅིག་སྡུད་སློབ་ཁྲིད་དང་ལས་གནས་དང་བསྟུན་པའི་སྦྱོང་བརྡར་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཀོང་ཏུང་ཞིང་ཆེན་གྱི་རིགས་གཅིག་མཁས་ཅན་གྱི་གཞོགས་འདེགས་འོག་གསོ་སྦྱོང་ཐེངས་34གཉེར་བ་དང་མི་95ཀོང་ཏུང་དུ་སློབ་སྦྱོང་དང་སྤེལ་རེས་བྱེད་པར་མངགས་པ། ཨན་ཧུའེ་ཞིང་ཆེན་གྱིས་ལྷོ་ཁ་གྲོང་ཁྱེར་ལ་སྤྱི་པའི་རིག་གནས་ཞབས་ཞུའི་མི་སྣ་50གསོ་སྦྱོང་བྱས་པ། གཞིས་རྩེ་གྲོང་ཁྱེར་གྱིས་རིག་གནས་ཁྲིམས་སྒྱུར་རྐང་འཛིན་པ12ཧྲན་ཏུང་ཞིང་ཆེན་དུ་ཟབ་སྦྱོང་བྱེད་པར་འདེམས་གཏོང་བྱས་པ་བཅས་རེད།
བོད་སྐྱོར་ཤེས་ལྡན་པའི་རྒྱབ་སྐྱོར་དང་རོགས་རམ་འོག་བོད་ཀྱི་རིག་གནས་དང་ཡུལ་སྐོར་གྱི་གཟུགས་བརྙན་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་འདི་ཉིད་འཛམ་གླིང་ཡུལ་སྐོར་གྲོང་ཁྱེར་གྱི་མཉམ་འབྲེལ་ལྷན་ཚོགས་ནང་ཞུགས་པ་དང་ཅང་སུའུ་ཞིང་ཆེན་གྱི་ཚོགས་པས་མིས་བཟོས་གཙང་པོའི་དངོས་མང་སྟོན་ཚོགས་སྐབས་དྲུག་པར་ཞུགས་པར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཤིང་། “གྲངས་འཛིན་ཡུལ་སྐོར་གཱ”ལ་སློབ་ཆེན་སློབ་མའི་དགའ་བསུ་ཆེན་པོ་ཡང་ཐོབ་ཡོད། རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་བོད་སྐྱོར་ལས་བྱེད་པས་ས་མཐོ་བརྗོད་བྱར་བྱས་པའི་གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ཞེས་པའི་པར་ལེན་ནང་ཞུགས་ནས་མི་མེད་ཁུལ་དུ་བསྐྱོད་དེ། ས་བབ་མཐོ་བའི་དཀའ་སྡུག་དང་ལས་བྱེད་པ་ཚོའི་ལས་གནས་བརྟན་སྲུང་སྐོར་ལ་སྔར་བས་ཉམས་ལེན་བྱས་པ་དང་འབྲེལ། ས་མཐོའི་གཟུགས་བརྙན་བཟང་པོ་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་ཀྱང་བྱས་པ་རེད།