རང་སྐྲུན་ཁང་པའི་སྐོར་གྱི་དོན་གནད་འདི་དག་ངེས་པར་དུ་ཤེས་དགོས།
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། གྲོང་མིའི་རང་སྐྲུན་ཁང་པ་ཇེ་མང་དུ་འགྲོ་བཞིན་ཡོད། ལྷག་པར་དུ“འོག་ཏུ་ཚོང་ཁང་དང་སྟེང་དུ་སྡོད་ཁང”དང“མདུན་ཕྱོགས་ཚོང་ཁང་དང་རྒྱབ་ཕྱོགས་སྡོད་ཁང”ཡིན་པའི་རང་སྐྲུན་ཁང་པ་ཁག་གཅིག་ནི་འཚོ་བ་དང་། ཚོང་གཉེར། མཛོད་འཇུག་བཅས་གཞི་གཅིག་ཏུ་འདུས་པའི“གསུམ་སྒྲིལ་གཅིག་འདུས”ཀྱི་ས་ཆ་ཞིག་རེད།
གཅིག གསུམ་སྒྲིལ་གཅིག་འདུས་ཀྱི་ས་ཆའི་མེ་སྐྱོན་གྱི་ཉེན་ཁ།
1.སྐྲུན་དངོས་ཀྱི་མེ་བཟོད་རིམ་པ་མཐོ་པོ་མེད་ན། རྒྱ་ཁྱོན་ཆེན་པོ་འཚིག་ཉེན་ཡོད།
2.ཁང་པའི་ནང་ཅ་དངོས་དང་འབར་རུང་བའི་དངོས་རྫས་མང་པོ་ཡོད་ན་བྲོས་དཀའ་བ་དང་རོགས་སྐྱོབ་བྱེད་ཁག་པོ་ཡོད།
3.གློག་སྤྱོད་སྒྲིག་ཆས་ཅུང་མང་བ་དང་གློག་སྐུད་གང་བྱུང་དུ་འཐེན་པ་དང་མཐུད་བརྒྱབ་ན་ཉེན་ཁ་ཆེན་པོ་ཡོད།
གཉིས། རང་སྐྲུན་ཁང་པའི་མེ་ཟོན་བདེ་འཇགས་ཀྱི་མཛུབ་སྟོན།
1.མེ་ཟོན་ལོགས་དབྱེ་ཡག་པོ་བྱེད་དགོས། རང་སྐྲུན་ཁང་པའི་ཚོང་གཉེར་དང་མཛོད་འཇུག་ཁུལ་ཁོངས་སུ་ངེས་པར་དུ་ས་ཕག་གི་གྱང་བསྐྲུན་ཏེ་མི་སྣ་ཞག་སྡོད་ཁུལ་ཁོངས་དང་རྡོ་སྐས་ཀྱི་བགྲོད་ལམ་ལོགས་སུ་དབྱེ་ནས་སྐྲུན་དངོས་ནང་ཁུལ་ལ་མེ་སྐྱོན་ཐོན་རྗེས་དུ་བ་འཚོ་བ་སྐྱེལ་ཁུལ་དུ་མ་མཆེད་པའི་འགན་ལེན་བྱེད་དགོས། སྐྲུན་དངོས་ནང་ཁུལ་དུ་འབར་རུང་བའི་རྒྱུ་ཆ་སྤྱོད་རྒྱུ་མེད་པ་དང་། འབར་སླ་བ་དང་འབར་རུང་བའི་རྒྱུ་ཆས་མཛེས་བཟོ་དེ་བས་བྱ་རྒྱུ་མེད།
2.མེ་དང་གློག་ཚད་ལྡན་ངང་སྤྱོད་དགོས། མེ་དང་གློག་སྤྱོད་སྐབས་ཡག་པོ་ལྟ་དགོས། སྡོད་མཁན་མེད་སྐབས་ལམ་སེང་མེ་དང་གློག་གསོད་དགོས། གློག་རླངས་ཀྱི་སྐུད་ལམ་ཆེད་ལས་བཟོ་པས་བཟོ་དགོས་པ་ལས། རང་དགར་གློག་སྐུད་འཐེན་པ་དང་མཐུད་རྒྱག་པ་སོགས་བྱ་རྒྱུ་མེད་ལ། ཐེག་ཤུགས་ལས་བརྒལ་ནས་གློག་སྤྱོད་རྒྱུ་མེད།
3.ཉེན་གཡོལ་བྲོས་ལམ་ཤར་གཏོང་ཡོང་བ་བྱེད་དགོས། གྲོང་མིའི་རང་སྐྲུན་ཁང་པའི་ནང་དུ་བོགས་གཏོང་ཁང་པ་བཟོས་པར་བདེ་འཇགས་ཀྱི་ཐོན་སྒོ་དང་ཁ་འགྲེམས་བྲོས་ལམ་གྱི་གྲངས་འབོར་དེ་མེ་ཟོན་བདེ་འཇགས་ཀྱི་བླང་བྱ་དང་མཐུན་དགོས་པ་མ་ཟད། ཁ་འགྲེམས་བྲོས་ལམ་ཤར་གཏོང་ཡོང་བ་བྱེད་དགོས། ཁ་འགྲེམས་དང་ཉེན་གཡོལ་བྲོས་ལམ་གྱི་ཐོན་སྒོ་བཀག་པ་དང་། སྒོ་ལྕགས་རྒྱག་པ། བཟུང་སྤྱོད་བྱེད་པ་བཅས་ཀྱི་རིགས་གཏན་འགོག་བྱེད་དགོས། དེ་དང་ཆབས་ཅིག་ཁང་པའི་སྒེའུ་ཁུང་ལ་རྐུན་འགོག་ལྕགས་དྲ་སོགས་བསྒར་མི་རུང་།
4.དངོས་ཟོག་ཚད་ལྡན་ངང་འཇོག་དགོས། འབར་སླ་བ་དང་གས་སླ་བའི་དངོས་ཟོག་ཐབ་ཚང་དང་། མེ། ཤུགས་ཚད་ཆེ་བའི་གློག་ཆས་བཅས་དང་ཐག་ཉེ་པོ་འཇོག་རྒྱུ་མེད། རྡོ་སྐས་ཀྱི་བར་གསེང་དང་ཁ་འགྲེམས་བྲོས་ལམ་དུ་ཅ་ལག་སྤུངས་མི་ཆོག་ལ། ཤོག་སྦག་དང་། ས་སྣུམ། ཨ་རག་གི་ཉིང་ཁུ་སོགས་འབར་སླ་བ་དང་གས་སླ་བའི་ཉེན་ཆེའི་དངོས་རྫས་གཏན་ནས་འཇོག་མི་རུང་།
5.གློག་སྒུལ་སྦག་སྦག་ལ་ཚད་ལྡན་ངང་གློག་གསོག་དགོས། གློག་སྒུལ་སྦག་སྦག་ཐོག་ཁང་དང་ཁྱིམ་དུ་བཏང་ནས་གློག་གསོག་རྒྱུ་གཏན་འགོག་བྱེད་དགོས། སྐྲུན་དངོས་ནང་གི་བར་ཁྱམས་དང་། རྡོ་སྐས། བདེ་འཇགས་ཐོན་སྒོ་སོགས་སྤྱི་པའི་ཁུལ་ཁོངས་དང་དེ་བཞིན་མི་སྒེར་གྱི་སྡོད་ཁང་ནང་དུ་གློག་སྒུལ་སྦག་སྦག་འཇོག་པའམ་ཡང་ན་གློག་གསོག་པའི་རིགས་བྱེད་མི་རུང་།
6.མེ་གསོད་རླངས་འཁོར་གྱི་བགྲོད་ལམ་ཤར་གཏོང་ཡོང་བ་བྱེད་དགོས། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་ཤར་གཏོང་ཡོང་བ་བྱ་རྒྱུ་ནི་མེ་གསོད་རླངས་འཁོར་མེ་སྐྱོན་ཐོན་སར་འབྱོར་ཐུབ་པའི་གཞི་རྩའི་འགན་ལེན་ཡིན་པས། མེ་གསོད་རོགས་སྐྱོབ་མི་སྣས་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ཐག་གཅོད་བྱེད་པར་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་ཐུབ།
7.མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས། དེ་མཚུངས་ཀྱི་རང་ཚུགས་ཅན་གྱི་དུ་ཚོར་ཉེན་བརྡའི་སྒྲིག་ཆས་དང་། མེ་གསོད་ཡོ་ཆས། དུ་འགོག་གདོང་ཁེབས་སོགས་རྒྱུན་སྤྱོད་ཀྱི་མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། བེད་སྤྱོད་གཏོང་སྟངས་ཤེས་པར་བྱེད་དགོས་པ་དང་། བཟའ་བཏུང་གི་ཚོང་གཉེར་བྱེད་སས་ད་དུང་ཐབ་ཚང་ལ་མེ་ཁེབས་སྒྲིག་སྦྱོར་བྱས་ནས་ཚལ་སླང་ལ་མེ་འབར་སྐབས་སྤྱོད་ཐུབ་པ་དགོས།
8.བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། མེ་ཟོན་གྱི་བདེ་འཇགས་རྒྱུན་ཤེས་རང་འགུལ་ངང་སློབ་སྦྱོང་བྱས་ཏེ། མེ་སྐྱོན་ཐོན་སྐབས་དགོས་ངེས་ཀྱི་མེ་ཟོན་དང་མེ་གསོད་ཀྱི་གཞི་རྩའི་ཤེས་བྱ་ཁོང་དུ་ཆུད་པར་བྱས་ནས་རང་འགོག་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས། མེ་སྐྱོན་ཐོན་སྐབས་རྒྱུ་ནོར་བློས་མ་ཐོངས་པར་མ་བསྡད་པར་འཕྲལ་དུ་119ལ་ཁ་པར་བརྒྱབ་ནས་སྙན་སེང་ཞུ་དགོས།
(བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)