དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་བསྐྱངས་ནས་ཀྲུང་ཝེའི་མཛའ་གྲོགས་ཀྱི་ཆུ་རྒྱུན་མང་པོ་གཅིག་ཏུ་བསྡུ་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཝེ་མི་དམངས་མཉམ་སྤྲོ་ཆེན་པོའི་བྱེད་སྒོའི་འཐུས་མི་དང་མཇལ་འཕྲད་གནང་སྐབས་ཀྱི་ཤིས་ཚིག་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  སུན་ཀོང་ཡུང་དང་། ལིའུ་ཀང་། ཧུའུ་ཙེ་ཤིས།   |     སྤེལ་དུས།  2025-04-22

    ཟླ་4ཚེས་15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་ཧ་ནོ་དབྱི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་མཉམ་དུ་ཀྲུང་ཝེ་མི་དམངས་མཉམ་སྤྲོ་ཆེན་པོའི་བྱེད་སྒོའི་འཐུས་མི་དང་མཇལ་འཕྲད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་བརྗོད་ལ《ཁྱིམ་མཚེས་མཛའ་གྲོགས་ཀྱི་བརྗོད་དོན་གཙོ་བོ་དར་སྤེལ་གྱིས་ལས་དབང་གཅིག་འབྲེལ་གྱི་ལེའུ་གསར་པ་མཉམ་དུ་རྩོམ་དགོས》ཞེས་པའི་ཤིས་ཚིག་བསྒྲོན་ནས། དུས་ཡུན་རིང་པོའི་ནང་ལག་གདང་སྦྲེལ་ཏེ་རྒྱལ་ཁབ་སྐྱོབ་གནས་ལ་གཞོལ་བའི་གསར་བརྗེའི་ས་བོན་ནས་དཔུང་པ་མཉམ་གཤིབ་ཀྱིས་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་མངོན་འགྱུར་བྱེད་པ་དང་། དེ་ནས་ཐུན་མོང་ཐོག་དེང་རབས་ཅན་གྱི་ལམ་བུར་བསྐྱོད་པའི་བར། ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱིད་སྡུག་མཉམ་མྱོང་གིས་ཀྲུང་ཝེའི་མཛའ་གྲོགས་ལོ་རྒྱུས་ཀྱི་ལེའུ་ཐུན་མོང་ཐོག་བརྩམས་ཡོད་ཅེས་བསྟན་གནང་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་ཀྲུང་ཝེའི་མཛའ་གྲོགས་མི་སྣས། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་བསྐྱངས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་ཆུ་ཕྲན་དག་ཀྲུང་ཝེའི་མཛའ་གྲོགས་ཀྱི་ཆུ་རྒྱུན་ཆེན་པོར་གཅིག་ཏུ་བསྡུས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད། ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།

    “ཝེ་ཀྲུང་མཛའ་གྲོགས་མཉམ་དུ་རྒྱུན་འཛིན་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་ལ་ཤུལ་འཛིན་མཁན་ཡོད་པར་བྱ་རྒྱུ་ཡིན”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཝེའི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་རོགས་རེས་ཁྲོད་རྩ་བ་ཚུགས་ནས་ཡབ་འདབ་རྒྱས་ཤིང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་དྲང་བདེན་གྱི་བྱ་གཞག་ཁྲོད་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱས་པས། “བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི”མཛའ་གྲོགས་ཟབ་མོར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་ནན་བཤད་གནང་།

    ཝེ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རོན་རུང་ཀོང་ལོ་བདུན་ཅུར་སླེབས་ཀྱང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་ལ་སྔར་བཞིན་འབད་བརྩོན་བྱེད་ཀྱི་ཡོད། ས་གནས་ས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤིས་ཚིག་ཉན་རྗེས། རོན་རུང་ཀོང་ལ་སྐུལ་མ་ཆེན་པོ་ཐེབས་ཤིང་། ཁོང་གིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཐུན་མོང་ཐོག་ཝེ་ཀྲུང་མི་དམངས་ཀྱི་མཉམ་སྤྲོ་ཆེན་པོའི་བྱེད་སྒོའི་འཐུས་མི་དང་མཇལ་འཕྲད་གནང་བ་ནི། “རྒྱལ་ཁབ་གཉིས་ཀྱི་གཞོན་ནུའི་མི་རབས་ཀྱིས‘ཐོག་མའི་བསམ་འདུན་མ་བརྗེད་པར’ཐུན་མོང་ཐོག་ཝེ་ཀྲུང་མཛའ་གྲོགས་རྒྱུན་འཛིན་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་ལ་ཤུལ་འཛིན་མཁན་ཡོད་པའི་ཐུགས་རེ་གནང་བ་ཞིག་རེད”ཅེས་བརྗོད།

    ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་གོ་ལ་ཧྲིལ་པོའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཞུས་ལི་ཕིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་10ཡི་རིང་ཝེ་ཐེ་ནམ་ལ་འཚམས་འདྲི་ཐེངས་4གནང་བ་དང་། ཧུའུ་ཀྲི་མིང་གི་བཞུགས་གནས་རྙིང་པར་ལྟ་སྐོར་དང་ཧུའུ་ཀྲི་མིང་གི་བང་སོར་གུས་མཇལ་ཞུས་ཏེ་མེ་ཏོག་ཕྲེང་བ་ཕུལ་བ་མ་ཟད། ཧུའུ་ཀྲི་མིང་གིས་ཀྲུང་ཝེའི་འབྲེལ་བ་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་དྲན་གསོ་ཡང་ཞུས་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ན་ནིང་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ས་ཚིགས་དང་པོ་ཀོང་ཀྲོའུ་བདམས་ནས་ཝེ་ཐེ་ནམ་གཞོན་ནུའི་གསར་བརྗེའི་བློ་མཐུན་ཚོགས་འདུའི་གནས་ཡུལ་རྙིང་པར་ཆེད་མངགས་ལྟ་སྐོར་གནང་བ་རེད། ཀྲུང་གོར་ཡོད་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་གི་གསར་བརྗེའི་རྗེས་ཤུལ་འཚོལ་ཞིབ་གནང་བ་དེ་ཐོག་ནས་ཕྱོགས་གཉིས་ཀྱི་འགོ་ཁྲིད་པས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ལ་གཅེས་འཛིན་གང་ལེགས་གནང་བ་མཚོན་གྱི་ཡོད”ཅེས་བརྗོད་པ་རེད།

    “དུས་རབས་གསར་པར་ཀྲུང་ཝེའི་མཛའ་གྲོགས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱ་རྒྱུ་ཡིན”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཝེའི་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཐུན་སྒྲིལ་མཉམ་ལས་ཁྲོད་མེ་ཏོག་བཞད་ནས་འབྲས་བུ་བཏགས་པ་དང་། ཕྱོགས་གཉིས་པོས“སྔར་བས་དྲུག”གི་སྤྱིའི་དམིགས་ཚད་གཏན་འཁེལ་གྱིས་རང་སོ་སོའི་རྒྱལ་བབ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་པས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་གི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད་ཅེས་ནན་བཤད་གནང་བ་རེད།

    ཉེ་བའི་ལོ་ཤས་རིང་ཀྲུང་ཝེ་ཕྱོགས་གཉིས་ཀྱི་ཚོང་དོན་གྲངས་འབོར་གྱིས་ཟིན་ཐོ་གསར་པ་ཡང་ཡང་བཏོད་པ་དང་། ཀྲུང་གོ་འདི་ཉིད་ཀྱང་ཝེ་ཐེ་ནམ་གྱི་ཕྱི་དངུལ་ཡོང་ཁུངས་རྒྱལ་ཁབ་ཀྱི་མདུན་གྲལ་དུ་བརྟན་པོར་གནས་ཡོད། རྒྱལ་ཁབ་གཉིས་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཞིང་། རྨང་གཞིའི་སྒྲིག་བཀོད་མཉམ་འབྲེལ་མཉམ་མཐུད་དང་། གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས། རིག་ལྡན་འགག་སྒོ་འཛུགས་སྐྲུན་བཅས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད། “འཛམ་གླིང་དཔལ་འབྱོར་སླར་གསོ་འགོར་བའི་རྒྱབ་ལྗོངས་འོག ཀྲུང་ཝེའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་སྔར་བས་དམ་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ནི་ལོ་20ལྷག་ཙམ་བསྟུད་མར་ཝེ་ཐེ་ནམ་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་དང་པོ་ཡིན་པ་དང་། 2024ལོར་ཀྲུང་ཝེ་ཕྱོགས་གཉིས་པོའི་ཉོ་ཚོང་གྲངས་འབོར་ཨ་སྒོར་དུང་ཕྱུར་2600ལས་བརྒལ་ཡོད”ཝེ་ཐེ་ནམ་ལ་མ་འཇོག་བྱེད་པར་ཡོང་བའི་ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གའི་ཁྲོམ་ར་གསར་སྤེལ་ལ་མཐོང་ཆེན་བྱས་ཏེ“ས་གནས་དེ་གའི་འཛད་སྤྱོད་པའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པའི་ཐོན་རྫས་བཏོན་པ་་དང་ཆབས་ཅིག ད་དུང་ཝེ་ཐེ་ནམ་གྱི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཁེ་ལས་དབར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ས་གནས་དེ་གའི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ་གོ་ལ་ཧྲིལ་པོའི་རིན་ཐང་འཁོར་འབྲེལ་ཁྲོད་ཀྱི་ཝེ་ཐེ་ནམ་གྱི་གནས་བབ་མཐོ་རུ་བཏང་ཡོད”ཅེས་ཝེ་ཐེ་ནམ་ཀྲུང་གོའི་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་སུན་ཧྥེང་ལེ་ཡིས་བརྗོད་པ་རེད།

    འཚམས་འདྲི་གནང་རིང་། ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཀྲུང་ཝེའི་ལྕགས་ལམ་མཉམ་ལས་ལམ་སྲོལ་གྱི་འགོ་ཚུགས་མཛད་སྒོར་བདེན་དཔང་བྱས་ཤིང་། ཀྲུང་གོ་ལྕགས་ལམ་ཅུས་དྲུག་པ་ཚོགས་པ་ཝེ་ཐེ་ནམ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་པིན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤིས་ཚིག་ལས། ངས་སྤུས་ཚད་མཐོ་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱེད་པ་ནི་ཀྲུང་ཝེའི་མཉམ་ལས་གཏིང་ཟབ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པར་སྔར་བས་ངོས་འཛིན་གཏིང་ཟབ་བྱུང་སོང་། ང་ཚོ་ཝེ་ཐེ་ནམ་དུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལྕགས་ལམ་ཐོག་མ་སྟེ། ཧ་ནོ་དབྱིའི་ཡང་བའི་ལྕགས་ལམ་ལམ་ཐིག་གཉིས་པའི་འཛུགས་སྐྲུན་ནང་ཞུགས་པ་ཡིན། སླད་ཕྱིན་ང་ཚོས་རྒྱལ་ཁབ་གཉིས་ཀྱི་སྤུས་ཚད་མཐོ་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ནང་མུ་མཐུད་ཧུར་ཐག་ཞུགས་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་བཏང་སྟེ། དུས་རབས་གསར་པར་ཀྲུང་ཝེའི་མཛའ་གྲོགས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    “འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཝེ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུ་ཡིན”

    “གཞོན་ནུ་ནི་བྱ་གཞག་གི་འབྱུང་འགྱུར་དང་རེ་བ་ཡིན” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་སླད་ཕྱིན་ལོ་གསུམ་ནང་ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར“གསར་བརྗེའི་ཞིབ་སློབ”སྤེལ་བར་གདན་དྲངས་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་རྒན་རབས་ཚོའི་གསར་བརྗེའི་རྗེས་ཤུལ་བརྒྱུད་དེ་ཀྲུང་ཝེའི་མཛའ་གྲོགས་ཀྱི་གསར་བརྗེའི་སྙིང་སྟོབས་འཚོལ་ཞིབ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་སྣ་ཚོགས་ཉམས་སུ་མྱངས་ནས། རྒྱལ་ཁབ་གཉིས་ཀྱི་རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལང་ཚོའི་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཀྲུང་གོའི་ཀོང་ཤིས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གཙོ་སྐྱོང་པ་ཧྲེན་ཕེང་མིང་ཝེ་ཐེ་ནམ་དུ་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལེ་ཚན་གཙོ་སྐྱོང་བྱེད་པར་ཐེངས་མང་ཡོང་ནས། ཝེ་ཐེ་ནམ་གྱི་གཞོན་ནུའི་སྨྱན་སྦྱོར་མི་སྣ་དང་མཛའ་གྲོགས་བཙུགས་ཡོད། ཧྲེན་ཕེང་མིང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤིས་ཚིག་ལས་ང་ཚོས་ཝེ་ཐེ་ནམ་གྱི་སྨྱན་སྦྱོར་ལས་རིགས་གཅིག་པ་དང་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བར་གདེང་ཚོད་བསྣན་ཡོད། ཀོང་ཤིས་སུ་ཀྲུང་ཝེའི་གསར་བརྗེའི་མཛའ་གྲོགས་བདེན་དཔང་བྱེད་པའི་གསར་བརྗེའི་ཐོན་ཁུངས་ཡོད་པ་དང་། ལོ་ལྟར་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་མང་པོ་ལྟ་སྐོར་བྱེད་པར་ཡོང་བའི་ཡིད་དབང་འགུག་གི་ཡོད། སྨྱན་སྦྱོར་མི་སྣ་ཞིག་ཡིན་པའི་ངོས་ནས་ང་ཚོས་ཝེ་ཐེ་ནམ་གྱི་ལས་རིགས་གཅིག་པ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་གཏམ་རྒྱུད་ཡག་པོ་བཤད་ནས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དང་ལྷག་པར་དུ་གཞོན་ནུ་རྣམས་ཀྱིས་གསར་བརྗེའི་ཐོན་ཁུངས་ཁྲོད་ཀྱི་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཤེས་རྟོགས་ཐུབ་པར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་རྒྱུན་འཛིན་ཡག་པོ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    ཝེ་ཐེ་ནམ་ཧ་ནོ་དབྱི་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཆིན་ཡུང་ཧྭ་ཡིས“ང་ཚོས་ཝེ་ཐེ་ནམ་ཕྱོགས་ཀྱི་སྐད་ཡིག་སློབ་ཁྲིད་དང་རིག་གནས་སྤེལ་རེས་བྱེད་མཁན་མི་སྣ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཝེ་ཐེ་ནམ་གྱི་གཞོན་ནུ་སྔར་བས་མང་བར་རྒྱ་ཡིག་སློབ་སྦྱོང་བྱེད་པའི་ཆ་རྐྱེན་བཟང་པོ་བསྐྲུན་ནས་ཁོང་ཚོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གསར་པ་ཞིག་ཏུ་འགྱུར་རོགས་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    ཧ་ནོ་དབྱི་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་སློབ་མ་ཝུའུ་ཧྲི་ཆིའུ་ཀྲོང་གིས་ས་གནས་ས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤིས་ཚིག་ཉན་པ་དང་། ཁོང་གིས་ཕྱོགས་གཉིས་པོའི་འགོ་ཁྲིད་པས་མཉམ་དུ་སྤེལ་བའི“གསར་བརྗེའི་ཞིབ་སློབ”ལ་རེ་སྒུག་ཆེན་པོ་བྱེད་པ་མ་ཟད། “དེ་ལས་ཝེ་ཐེ་ནམ་གྱི་གཞོན་ནུ་དེ་བས་མང་བ་ཀྲུང་གོར་སྐྱོད་པའི་གོ་སྐབས་འཐོབ་རྒྱུ་རེད་ལ། འགོ་ཁྲིད་པ་རྒན་རབས་ཀྱི་གསར་བརྗེའི་རྗེས་ཤུལ་ཤེས་རྟོགས་བྱེད་པའི་གོ་སྐབས་ཀྱང་འཐོབ་རྒྱུ་ཡིན་པའི”ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།