འཛམ་གླིང་སྐྲན་ནད་ཉིན་མོ།
འབྲས་སྐྲན་ནད་ཕོག་པར་ཞེད་སྣང་མི་བྱེད་པར་ཚན་རིག་དང་མཐུན་པའི་འགོག་བཅོས་བྱེད་པ་ནི་འགག་རྩ་ཡིན།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ངན་སྐྲན་ནི་རང་རྒྱལ་གྱི་གྲོང་མིའི་བདེ་ཐང་ལ་གནོད་འཚེ་བཟོ་མཁན་གྱི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་གཙོ་བོའི་གྲས་ཤིག་རེད། གསོ་རིག་ཚན་རྩལ་ཡར་རྒྱས་བྱུང་བ་དང་བསྟུན་ནས། མི་རྣམས་ཀྱིས་སྐྲན་ནད་ལ་ཤེས་རྟོགས་ཐུབ་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད་མོད། འོན་ཀྱང་མང་ཚོགས་མང་པོ་ཞིག་གིས་སྔར་བཞིན་སྐྲན་ནད་ལ་ཞེད་སྣང་ཆེན་པོ་བྱེད་ཀྱི་ཡོད། ཟླ་4ཚེས་17ཉིན་ནི་འཛམ་གླིང་གི་སྐྲན་ནད་ཉིན་མོ་རེད། རིགས་གཅིག་མཁས་ཅན་གྱིས་གསུངས་དོན། སྐྲན་ནད་ཕོག་པའི་རྒྱུ་རྐྱེན་རྙོག་འཛིང་ཆེ་ལ་སྣ་མང་ཡིན་པས། སྤྱི་དམངས་ཀྱིས་ཚན་རིག་དང་མཐུན་པའི་འགོག་བཅོས་འདུ་ཤེས་མུ་མཐུད་ཟབ་ཏུ་གཏོང་བ་དང་སྔ་ཙམ་བརྟག་དཔྱད་དང་། སྔ་ཙམ་སྨན་བཅོས། ཚད་ལྡན་སྨན་བཅོས་བཅས་བྱེད་པ་ནི་སྐྲན་ནད་ཀྱི་ཉེན་ཁར་ཚོད་འཛིན་བྱེད་པའི་གོ་ཆོད་ལ་འགྲོ་གྲོན་ཉུང་ཤོས་ཀྱི་བདེ་ཐང་ཐབས་ཇུས་ཤིག་ཡིན།
མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་ཏང་ཨུད་ཀྱི་ཨུ་ཡོན་དང་སྐྲན་ནད་འགྱེད་བཅོས་ཁོའོ་གཉིས་པའི་ཀྲུའུ་རེན་ཝང་རུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྐྲན་ནད་ལ་ཕལ་ཆེར་བཟང་སྐྲན་དང་ངན་སྐྲན་རིགས་གཉིས་སུ་དབྱེ་ཆོག་པ་དང་། ངན་སྐྲན་ལ་ཡང་འབྲས་སྐྲན་དང་ཤ་སྐྲན་གཉིས་སུ་དབྱེ་ཡོད། སྐྲན་ནད་མང་ཆེ་བ་ནི་མིའི་ལུས་པོའི་ཕྲ་ཕུང་ལ་ཕྱི་རོལ་རྒྱུ་རྐྱེན་གྱིས་ཡུན་རིང་ཤུགས་རྐྱེན་ཐེབས་པའི་དབང་གིས་གཞི་རྒྱུར་གནོད་སྐྱོན་ཕོག་པ་དང་ཡུན་རིང་འགྱུར་ལྡོག་བྱུང་བའི་མཇུག་འབྲས་རེད།
“མང་ཚོགས་ཁ་ཤས་ལ་ནོར་འཁྲུལ་གྱི་ལྟ་སྟངས་རྐྱེན་པས་འབྲས་སྐྲན་ལ་འཇིགས་སྣང་སྐྱེ་བ་མ་ཟད། ཚན་རིག་དང་ཚད་ལྡན་གྱི་བདེ་ཐང་འདུ་ཤེས་མ་འཛུགས་པར་རང་ཉིད་ཀྱི་གཟུགས་པོ་བདེ་པོ་ཡོད་པས་འབྲེལ་ཡོད་ཀྱི་བརྟག་དཔྱད་བྱེད་མི་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་ཝང་རུང་གིས་བརྗོད་པ་དང་། ཁོང་གིས་འཚོ་བ་སྐྱེལ་སྟངས་ལེགས་སུ་གཏོང་བ་དང་། དུས་ཐོག་ཏུ་གཟུགས་པོར་བརྟག་དཔྱད་བྱེད་པ། སྔ་ཙམ་ནས་སྔོན་འགོག་ཐུབ་པ་སོགས་བྱས་ན། སྐྲན་ནད་ཕོག་ཚད་དང་འཆི་ཚད་ནུས་ལྡན་ངང་ཇེ་ཉུང་དུ་གཏོང་ཐུབ་ཅེས་བརྗོད།