བསྟན་པ་ཡིས་རང་སྐྱོང་ལྗོངས་ལས་ཞུགས་སྐུལ་སྤེལ་དང་ངལ་རྩོལ་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པ་ཡིས་རང་སྐྱོང་ལྗོངས་ལས་ཞུགས་སྐུལ་སྤེལ་དང་ངལ་རྩོལ་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་ནས། 2024ལོའི་ལས་ཞུགས་སྐུལ་སྤེལ་དང་ངལ་རྩོལ་སྲུང་སྐྱོང་ལས་དོན་ལ་ཕྱོགས་སྡོམ་དང་མིག་སྔའི་ལས་ཀའི་དུས་བབ་ལ་དབྱེ་ཞིབ་གནང་བ་མ་ཟད། 2025ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
བསྟན་པ་ཡིས་ནན་བཤད་གནང་དོན། ལས་ཞུགས་ནི་ཆེས་གཞི་རྩའི་དམངས་འཚོ་ཡིན་པ་དང་ངལ་རྩོལ་སྲུང་སྐྱོང་ནི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་དང་འབྲེལ་བ་ཡོད། ལས་ཞུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལས་ཞུགས་སྐུལ་སྤེལ་དང་ངལ་རྩོལ་སྲུང་སྐྱོང་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ནུས་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུ་ཚོགས་སྤྱིའི་ལས་ཞུགས་དེ་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་དང་། ཁྲོམ་རའི་ལས་ཞུགས་དང་སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་སྤེལ་གཏོང་བ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ལས་གནས་བསྡུ་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་ཞབས་ཞུ་ལེགས་སུ་གཏོང་བ། སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་མུ་མཐུད་སྐུལ་འདེད་གཏོང་དགོས། ཞིང་འབྲོག་པའི་གནས་སྒྱུར་ལས་ཞུགས་ཐབས་ལམ་ཤར་གཏོང་བྱས་ཏེ། རྩལ་ནུས་གསོ་སྦྱོང་གནད་སྨིན་བྱེད་པ་དང་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་པ་དང་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ལས་ཞུགས་འབབ་འཕར་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།