རྒྱལ་སྒྲོལ་བཟའ་ཚོས་རོལ་དབྱངས་དཀྲོལ་ནས་ཀྲུང་ཝེའི་མཛའ་གྲོགས་འབྲེལ་ཟམ་བསྐྲུན་པ།
འདི་ནི་ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱི་རུ། ཐུང་ཀོང་རུང་དང་མོ་ཧྲོང་ཧྲོང(གཡས)“ཧ་ནོ་དབྱིའི་གླུ་དབྱངས”ཞེས་པའི་རྒྱལ་སྤྱིའི་མཉམ་ལས་ཚོགས་པའི་ནང་སྦྱོང་ནང་ཞུགས་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲུའུ་ཝེ་ཡིས་པར་བླངས)
ཝེ་ཐེ་ནམ་གྱི་རོལ་དབྱངས་ཁྱིམ་ཚང་དུ་སྐྱེས་པའི་ཐུང་ཀོང་རུང་ཆུང་དུས་རྟག་ཏུ་ཕ་དང་མཉམ་དུ་ཀྲུང་གོའི་དམངས་ཁྲོད་རོལ་དབྱངས་ཉན་གྱི་ཡོད། ཁོང་གིས་ལོ་བརྒྱད་ནས་གླིང་བུ་གཏོང་སྟངས་སྦྱངས་པ་དང་ལོ་དགུ་ནས་གར་སྟེགས་ཐོག་འཁྲབ་སྟོན་བྱེད་ཀྱི་ཡོད། 2006ལོའི་སྟོན་མཇུག་ཏུ་ཧྲང་ཧའེ་རོལ་དབྱངས་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་ཐུང་ཀོང་རུང་གིས་རོལ་དབྱངས་མཉམ་ལས་ཤིག་ནང་ཧུའུ་ནན་ཧེང་དབྱང་ནས་ཡིན་པའི་མོ་ཧྲོང་ཧྲོང་ངོ་ཤེས། རོལ་དབྱངས་ལས་གཞོན་ནུ་གཉིས་པོའི་དབར་ལས་འབྲེལ་ཟབ་ཏུ་སོང་ནས་རྒྱལ་སྒྲོལ་བརྩེ་གྲོགས་ཤིག་ཏུ་གྱུར།
ཁོང་གཉིས་གཉེན་སྒྲིག་བྱས་རྗེས་མོ་ཧྲོང་ཧྲོང་དང་བཟའ་ཟླ་ཝེ་ཐེ་ནམ་དུ་ལོག 2013ལོར་ཐུང་ཀོང་རུང་དང་མོ་ཧྲོང་ཧྲོང་གིས་ཧ་ནོ་དབྱི་རུ“གསོན་ཤུགས་གསར་པའི”རོལ་དབྱངས་ཚོགས་པ་བཙུགས། ཁོང་གཉིས་པོས་རོལ་ཆ་དཀྲོལ་སྐབས་ཀྲུང་གོའི་དམངས་ཁྲོད་རོལ་དབྱངས་ཀྱི་གཞི་རྒྱུ་བསྣན་པས་ཝེ་ཐེ་ནམ་གྱི་གནའ་བོའི་སྨྱུག་མའི་རོལ་ཆ་ནས་ཀྲུང་གོའི་ཉམས་འགྱུར་དང་ཝེ་ཐེ་ནམ་གྱི་འགྱུར་ཁུག་གཉིས་ལྡན་གྱི་གསོན་ཤུགས་གསར་པ་གང་ལེགས་མངོན་བཞིན་མཆིས།
ཐུང་ཀོང་རུང་དང་མོ་ཧྲོང་ཧྲོང་གིས་རོལ་དབྱངས་ཚོགས་པའི་སྣེ་ཁྲིད་དེ་ཨེ་ཤེ་ཡ་སྒྱུ་རྩལ་དུས་ཆེན་སོགས་ཀྱི་གར་སྟེགས་ཐོག་གཟི་བརྗིད་མཚན་སྙན་ཐོབ་པ་མ་ཟད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རིག་གནས་སྤེལ་རེས་བྱེད་སྒོའི་ཐོག་སྐད་གྲགས་ཆོད་ཡོད། གར་སྟེགས་ཐོག་ཁོང་གཉིས་ནི་སྒྱུ་རྩལ་པ་ཞིག་ཡིན་ལ་རིག་གནས་ཀྱི་ཕོ་ཉ་ཞིག་དེ་བས་ཡིན།
ད་ཆ་ཁོང་གཉིས་པོ་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་སུ་བསྐྱོད་ནས་སྙན་འཇེབས་ལྡན་པའི་འགྱུར་ཁུག་ལ་བརྟེན་ཏེ་ལྷག་བསམ་དང་དད་སེམས་བརྒྱུད་སྤྲོད་བྱེད་ཀྱི་ཡོད། ཐུང་ཀོང་རུང་གིས་ང་ཚོའི་སེམས་ནང་གི་ཆེས་མཛེས་པའི་སྒྲ་གདངས་ནི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་སྒྲ་གདངས་དེ་ཡིན་ཞེས་སེམས་འགུལ་ཐེབས་བཞིན་བརྗོད།