དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རིག་གནས་དར་རྒྱས་ལ་སྐུལ་འདེད་བཏང་ནས་རིག་གནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-21

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་བཞུགས་མོལ་ཚོགས་འདུའི་ཐོག་འགོ་འཛུགས་ས་གསར་པའི་ཐོག་ནས་རིག་གནས་དར་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་བླང་བྱ་ཁ་གསལ་བཏོན་ཏེ། ཐུན་མོང་ཐོག་འབད་བརྩོན་བྱས་ནས་ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་ཡོད། དེ་ལས་རང་རེའི་ཏང་གི་རིག་གནས་ཀྱི་བྱེད་པོའི་རང་བཞིན་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་ཆེད་རིག་གནས་ཀྱི་གནས་ཚད་གསལ་སྟོན་དང་རིག་གནས་ཀྱི་སྟོན་ཕྱོགས་གཏན་འཁེལ་གནང་ཡོད། རིག་གནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་ཤེས་དཔལ་གྱི་རྩ་བ་སྲུང་དགོས་ལ་གསར་གཏོད་ཀྱི་གསོན་ཤུགས་ཀྱང་འཕེལ་བར་བྱེད་དགོས་པ་མ་ཟད། རིག་གནས་ཀྱིས་མི་དམངས་ཀྱི་སེམས་ཁམས་དེ་བས་གསོ་དགོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྒྱང་ལམ་དུ་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་དང་། སྙིང་སྟོབས། དོན་དངོས་བཅས་ཕྱོགས་གསུམ་གྱི་ཐོག་ནས་མཉམ་དུ་ནུས་ཤུགས་འདོན་དགོས།

    རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་སྟེང་གནས་པའི་ཤུལ་བཞག གནའ་དཔེའི་ནང་འཁོད་པའི་ཡི་གེ་བཅས་ཚང་མའི་གསོན་ཤུགས་འཕེལ་བར་བྱས་ཏེ། སྤྱི་ཚོགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་སྙིང་བཅུད་ཕུན་སུམ་ཚོགས་སུ་གཏོང་དགོས”ཞེས་གསུངས་ཡོད། ང་ཚོས་རིག་གནས་ཤུལ་བཞག་གི“ཤ་རུས”སྲུང་སྐྱོང་ཡག་པོ་བྱེད་དགོས་ལ། བསམ་པའི་རིན་ཐང་གི་བླ་སྲོག་དེ་བས་རྒྱུན་འཛིན་ཡག་པོ་བྱེད་དགོས། བར་སྐོར་གནའ་གྲོང་སྒྱུར་བཀོད་བྱེད་རིང་ང་ཚོས་བོད་སྡོད་ཨམ་བན་ཡ་མོན་གྱི་ཁུལ་རྙིང་སོགས་གནའ་བོའི་སྐྲུན་དངོས་ཀྱི་བཟོ་བཀོད་སོར་འཇོག་བྱས་པ་མ་ཟད། ད་དུང་དེབ་ཁང་དང་། དམངས་སྲོལ་གནས་ཚང་། འཚིག་ཇ་ཁང་། རིག་གནས་བསམ་བཀོད་ཁང་སོགས་དེང་རབས་ཀྱི་གཞི་རྒྱུ་བསྣན་ནས་སྲོལ་རྒྱུན་གྱི་གནའ་གྲོང་དེ་གསོན་ཤུགས་རབ་ཏུ་འཕེལ་བའི་རིག་གནས་ཀྱི་མ་དཔེར་གྱུར་ཡོད། “གཞུང་འཁྱོངས་གསར་འབྱེད”ཀྱི་བློ་གྲོས་དེ་རིགས་ཀྱིས་སྲོལ་རྒྱུན་རིག་གནས་ལ་ལོ་རྒྱུས་ཀྱི་དོན་སྙིང་ཟབ་སྣང་རྒྱུན་འཁྱོངས་ཐུབ་པ་མ་ཟད། དུས་རབས་ཀྱི་གསོན་ཤུགས་ཀྱང་མངོན་ཐུབ་ཡོད།

    རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། དྭངས་གསལ་དུས་ཚིགས་སླེབས་རིམ་བཞིན་བོད་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཁག་ཏུ་དུར་ཕྱག་བྱེད་མཁན་གྱི་རྒྱུན་ཆད་རྒྱུ་མེད། ཐན་ཀོན་སན་དྲན་གསོ་ཁང་དུ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དཀྱུས་མ་རྣམས་ཀྱིས་རྟག་ཏུ་ལྟ་སྐོར་དང་གུས་མཇལ་ཞུ་བར་འགྲོ་གི་ཡོད། སྣང་ཚུལ་འདི་དག་ལས་མངོན་པ་ནི་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་པའི་གསར་གཏོད་འཚོལ་ཞིབ་རེད། ཉེ་བའི་ལོ་ཤས་རིང་། 《རྟོགས་སད་ལོ་རབས》ཀྱི་རྒྱུན་མཐུད་འཁྲབ་ཚན་སྟོན་པ་ནས《ཁྲང་ཅིན་མཚེའུ》ཡི་གློག་བརྙན་སྤ་སེའེ་ཡོང་འབབ་ཀྱི་ངོ་མཚར་དང་། གསར་བརྗེའི་ཡུལ་སྐོར་ལམ་ཐིག་དར་ཁྱབ་ཆེ་བ་ནས“བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོའི”གསར་གཏོད་ལག་ལེན་བར་གསར་བརྗེའི་རིག་གནས་དེ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་རྒྱུན་གཏན་འཚོ་བ་དང་མཉམ་དུ་འདྲེས་བཞིན་ཡོད་པས། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་ཐུབ་པ་དང་གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཀྱི་ཡོད།

    རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། དཔྱིད་གསར་མཚན་ཚོགས་སུ་སྐད་གྲགས་ཤིན་ཏུ་ཆེ་བའི་འཕྲུལ་མི་རྡོ་རྗེ་དཔྱིད་ཀར་བོད་ཀྱི་གྲགས་ཆེ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོར་གཱ་ཐོ་འགོད་པར་སླེབས་ཡོད། རྒྱུན་མཐུད་འཁྲབ་ཚན《ཉི་འོད་གྲོང་ཁྱེར》ནང་གནའ་གྲོང་གི་རྣམ་པ་གསར་པ་མངོན་དུས་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་གསར་གཏོད་སྟོབས་ཤུགས་མཐོང་ཐུབ། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ནང“གསར་གཏོད་ནི་རིག་གནས་ལ་སྐྱེ་སྟོབས་དང་གསོན་ཤུགས་ལྡན་པའི་རྩ་བའི་འགན་ལེན་ཡིན”ཞེས་འཁོད་ཡོད། གྲངས་འཛིན་དུས་རབས་སུ་དྲ་རྒྱའི་རྩོམ་རིག་དང་། བརྙན་ཐུང་། དྲ་ཐོག་འཁྲབ་སྟོན་སོགས་ཀྱི་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་རིག་གནས་ཐོན་རྫས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བཞིན་ཡོད།

    ལོ་རྒྱུས་ཀྱི་ཕྱོགས་མཚམས་གསར་པའི་ཐོག་ལངས་ནས་ཕྱིར་མིག་བལྟས་ན། ཀྲུང་ཧྭའི་རིག་གནས་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་ཁྲོད་གསར་གཏོད་དང་སྒོ་འབྱེད་ཁྲོད་འཕེལ་རྒྱས་འགྲོ་བཞིན་ཡོད། རིག་གནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་ནི་སྟོང་བསམ་ཞིག་མིན་པར་རིག་གནས་མཁའ་རླུང་ལྟར་མི་སེར་གྱི་འཚོ་བའི་ནང་མཉམ་འདྲེས་བྱ་རྒྱུ་དེ་ཡིན། རིག་གནས་ཀྱི་གདེང་ཚོད་དམངས་ཡོངས་ཀྱི་ཐུན་མོང་ངོས་འཛིན་དུ་འགྱུར་བ་དང་། རིག་གནས་གསར་གཏོད་སྤྱི་ཚོགས་ཀྱི་དར་སྲོལ་དུ་འགྱུར་བའི་དུས་སུ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་ལས་དེ་བས་འོད་སྟོང་འཕྲོ་བའི་དཔལ་ཡོན་གྱི་མེ་ཏོག་བཞད་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།