ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་གི་2025ལོའི་དུས་ཐེངས་གཉིས་པའི(བོད་ལྗོངས་དང་ཧྲང་ཧའེ)ཉམས་ལེན་རྣམ་གྲངས་པེ་ཅིང་དུ་འགོ་ཚུགས་པ།
ཉེ་ཆར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་བཀོད་སྒྲིག་གཞིར་བཟུང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་གི་2025ལོའི་དུས་ཐེངས་གཉིས་པའི(བོད་ལྗོངས་དང་ཧྲང་ཧའེ)ཉམས་ལེན་རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོ་པེ་ཅིང་སོག་བོད་སློབ་གྲྭའི་གནས་ཡུལ་རྙིང་པར་འཚོགས་ཤིང་། དེར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་དང་འགྲེམས་སྟོན་ལས་སྟེགས་བཀོད་སྒྲིག་བྱས་ནས་མི་རྣམས་ཀྱིས་བོད་ལ་རྒྱུས་མངའ་དེ་བས་ཟབ་མོ་ཡོང་བར་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་ཤིས་ཚིག་སྒྲོན་སྐབས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་དེ་བཞིན་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། གསར་བརྗེའི་འཛུགས་སྐྲུན་དང་སྒྱུར་བཅོས་ཀྱི་འཕེལ་རིམ་རླབས་པོ་ཆེའི་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག་བཅས་ཀྱི་ཕྱོགས་སུ་བསྐྱོད་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དུས་རབས་གསར་པར་བསྐྱོད་པས། བོད་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་དེ་བས་བྱུང་ཡོད་ཅེས་གསུངས་པ་རེད།