ཇོ་མོ་གླང་མའི་འདབས་སུ་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་ཀྱི་བཀྲག་མདངས་འཚེར་བ།
—— “བོད་ཀྱི་བཟོ་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོ”གཞིས་རྩེ་གྲོང་ཁྱེར་དུ་འཚོགས་ནས་སྒྲོག་འགྲེལ་བྱས་པའི་སྐོར་གྱི་དངོས་བྲིས།
“བོད་ཀྱི་བཟོ་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོའི”སྒྲོག་འགྲེལ་རེ་རེ་ལས་ངལ་རྩོལ་དཔེ་བཟང་དང་རྒྱལ་ཁབ་ཆེན་པོའི་བཟོ་བོའི་འབད་འཐབ་བྱས་རྗེས་མྱང་ཆུའི་ངོགས་གཉིས་སུ་ཁྱབ་ཅིང་། བྱས་རྗེས་དེ་དག་ལས་མངོན་པའི་ངལ་རྩོལ་གྱི་སྙིང་སྟོབས་དང་། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཕུགས་བསམ་གཉེར་བའི་སྤྲོ་སེམས་རབ་ཏུ་འཕེལ་ཏེ་དུས་རབས་གསར་པའི་འབད་འཐབ་ཀྱི་གླུ་དབྱངས་ཇོ་མོ་གླང་མའི་འདབས་སུ་གྲགས་ཡོད།
མི་སེམས་ལ་གཏིང་ཟབ་ཟུག་པའི་གཏམ་རྒྱུད་གླེང་སྟེ་ངལ་རྩོལ་ནི་གཟི་བརྗིད་ལྡན་པ་ཞིག་ཡིན་པའི་འདུ་ཤེས་སེམས་སུ་འཇགས་པར་བྱས་པ།
སྒྱུར་བཅོས་ཀྱི་གདོང་ལེན་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་། ཨན་ཀང་ཚོགས་པ་གཏེར་ལས་ཀུང་སི་ཆི་ཏ་ཧྲན་ལྕགས་གཏེར་ཐོན་སྐྱེད་ལག་རྩལ་ཁང་གཞུང་ལམ་དོ་དམ་ལས་སྒོའི་གཙོ་གཉེར་པ་བཅས་ཡིན་པའི་ཀུའོ་མིང་དབྱི་གཞི་རིམ་དུ་གཞི་ཚུགས་ནས་ལོ་40ལྷག་ཙམ་སོང་ཞིང་། ལོ་20ཙམ་རིང་ཉིན་གཅིག་ལྟར་ལས་གནས་སུ་ཆུ་ཚོད་གཉིས་སྔོན་ལ་འབྱོར་བ་དང་། རྒྱལ་ཡོངས་རང་བཞིན་གྱི“ཀུའོ་མིང་དབྱིའི་གཅེས་སེམས་ཚོགས་པ”འཛུགས་རྒྱུའི་གྲོས་འགོ་བཏོན་པ། རིན་མེད་ཁྲག་འབུལ་ཧའོ་ཧྲེང་ཁྲི་6ལྷག་ཙམ་བྱས་ཡོད།
རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་། རྒྱལ་ཁབ་ཆེན་པོའི་བཟོ་བོ། ཀྲུང་གོ་རླངས་འཁོར་ཁྲང་ཁྲུན་ལྕགས་ལམ་འགྲུལ་སྐྱེལ་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིའི་དབུ་བཞུགས་བཀོལ་སྤྱོད་པ་ལི་དབན་ཅུན་ནི་ཚ་ལ་རྒྱག་མཁན་གྱི་བཟོ་པ་དཀྱུས་མ་ཞིག་ནས་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཚ་ལ་རྒྱག་མཁན་གྱི་རིགས་གཅིག་མཁས་ཅན་ཞིག་ཏུ་གྱུར་ཞིང་། ལག་རྩལ་གྱི་རྣམ་གྲངས་150ལྷག་ཙམ་འགག་སྒྲོལ་བྱས་པ་དེས་ཀྲུང་གོའི་ལྕགས་ལམ་འཁོར་རིགས་ཕྱོགས་སྒྱུར་ཚ་ལ་རྒྱག་མཁན་གྱི་འཛམ་གླིང་གི་ཆུ་ཚད་མཐོ་ཤོས་སུ་སླེབས་པ་མཚོན་ཡོད།
རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་རིམ་པ་དང་པོའི་དཔའ་བོ་དཔེ་བཟང་དང་། ཅི་ནན་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་སྐོར་ཞིབ་ཉེན་རྟོག་ཡན་ལག་རུ་ཁག་གི་དེ་སྔའི་རུ་དཔོན་གཞོན་པ་ཀྲང་པའོ་གོ་ཡིས་ལོ་25ཡི་རིང་ཉེན་ཁ་ཆེ་བའི་འགད་སེལ་ལས་དོན་གྱི་འཐབ་ས་མདུན་མར་ཐོག་མཐའ་བར་གསུམ་དུ་འཐབ་འཛིང་མཐའ་འཁྱོངས་བྱས་ཏེ། ལྷག་བསམ་རྣམ་དག་དང་ཤ་ཁྲག་གི་ལུས་ཕུང་ལ་བརྟེན་ནས་ཏང་དང་མི་དམངས་ལ་གཏོར་ཐེབས་མེད་པའི་ཟངས་གྱང་ལྕགས་རྩིག་ཅིག་བསྐྲུན་ཡོད།
ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སིའི“རྡོ་སྣུམ་གྱི་བླ་སྲོག་སྟེ་ཏ་ཆིང་གི་སྙིང་སྟོབས་དང་ལྕགས་མིའི་སྙིང་སྟོབས”སྒྲོག་འགྲེལ་སྤྱི་ཁྱབ་རུ་ཁག་གི་དབུ་བཞུགས་སྒྲོག་འགྲེལ་པ་དང་ལྕགས་མི་ཝང་ཅིན་ཞི་དྲན་གསོ་ཁང་ཕྱོགས་བསྡུས་གཞུང་ལས་ཁང་གི་ཀྲུའུ་རེན་ཧོ་ཏེ་ཆོན་2006ལོ་ནས་བཟུང་ཏ་ཆིང་གི་སྙིང་སྟོབས་དང་ལྕགས་མིའི་སྙིང་སྟོབས་དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་ལས་ཀ་བྱས་ནས་མི་རྣམས་ལ་དཀའ་ངལ་ཆེ་ཞིང་རླབས་ཆེ་བའི་ཏ་ཆིང་རྡོ་སྣུམ་གྱི་དམག་འཐབ་ལོ་རྒྱུས་བརྗོད་ཀྱི་ཡོད།
རྣམ་གླིང་རྫོང་སློབ་འབྲིང་དང་པོའི་སློབ་མ་པད་མ་ཆོས་འཛོམས་ཀྱིས“ངས་ངལ་རྩོལ་དཔེ་བཟང་བའི་གཏམ་རྒྱུད་ནན་ཏན་ཉན་པས། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་ཞེས་པ་གང་ཞིག་ཡིན་པ་ཤེས་རྟོགས་ཟབ་མོ་བྱུང་། ངས་གང་ཞིག་བྱེད་དུ་བཅུག་ཀྱང་དེ་ལ་དགའ་ཞེན་དང་དེ་བྱང་ཆུབ་པར་བྱེད་པའི་སྙིང་སྟོབས་དེ་ད་ལྟའི་སློབ་སྦྱོང་དང་མཉམ་འདྲེས་བྱས་ནས་དུས་རབས་གསར་པའི་གཞོན་ནུ་སློབ་མའི་བཟོ་བོའི་རང་འགན་ཐེག་པ་འཁུར་ལེན་བཞུན་བརྡར་བྱེད་ཀྱི་ཡིན”ཞེས་བཤད།
སྙིང་སྟོབས་གསོན་ཉམས་དོད་ལ་གཏིང་ཟབ་པའི་ངང་སྒྲོག་འགྲེལ་བྱས་ནས་དཔེ་བཟང་དཔེ་དམག་གི་གཟུགས་བརྙན་སེམས་སུ་བརྟན་པོར་ཟུག་པར་བྱས་པ།
སྐྱིད་གྲོང་རྫོང་གི་ཆེད་དོན་སྒྲོག་འགྲེལ་བྱ་ཡུལ་དུ་ཀྲང་པའོ་གོ་ཡིས་བརྗོད་པའི་ཧང་སངས་དགོས་པའི་འགད་སེལ་གཏམ་རྒྱུད་རེ་རེར་མི་རྣམས་ཀྱིས་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས། “འགད་སེལ་བྱེད་ཐེངས་རེ་རེ་ནི་ཚེ་སྲོག་དང་གླེང་མོལ་བྱེད་པ་ཞིག་ཡིན་ལ། ལེགས་གྲུབ་བྱུང་ཐེངས་རེ་རེ་རྒྱབ་ཕྱོགས་ཀྱི་ཚོགས་པའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད”ཀྲང་པའོ་གོ་ཡི་སེམས་གཏིང་གི་སྐད་ཆར་དེ་གར་ཡོད་པའི་མི་རྣམས་ཀྱི་དགའ་འབོད་ཡང་ཡང་གྲགས། ཁོང་གིས་ལས་བྱེད་པ་དང་མང་ཚོགས་ལ“ལས་གནས་གང་ཞིག་ཏུ་གནས་ཡོད་ཀྱང་དད་སེམས་བཅངས་ནས་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་ན། སྤྱིར་བཏང་གི་བརྟན་སྲུང་གིས་མཐར་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་ངེས་རེད”ཅེས་བརྗོད།
“ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་པའི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་བ”ནས“ལྕགས་ཁྱེམ་ལྔ་ལ་བརྟེན་ནས་གསར་བརྗེ་བྱེད་པའི”བར་དང་། དེ་ནས“མི་ཚེ་ལོ་20ཐུང་དུ་སོང་ནའང་འཐབ་རྩོད་བྱས་ཏེ་སྣུམ་ཞིང་ཆེན་པོ་ལེན་དགོས”ཞེས་པའི་བར་དིང་རི་རྫོང་དུ་ཆེད་དོན་སྒྲོག་འགྲེལ་བྱེད་སྐབས། ཧོ་ཏེ་ཆོན་གྱིས“ལྕགས་མི”ཝང་ཅིན་ཞི་དང་ཀྲུང་གོ་རྡོ་སྣུམ་གྱི་གཏམ་རྒྱུད་རྒྱུས་མངའ་ཆེན་པོས་བཤད། ཝང་ཅིན་ཞི་ཡིས་བཟོ་པ་ཚོའི་སྣེ་ཁྲིད་ནས་གསོར་འབིགས་འཕྲུལ་འཁོར་ཕྲག་ཏུ་འཁུར་ཏེ་དབོར་འདྲེན་བྱེད་པའི་སྐོར་གླེང་སྐབས། དེར་ཉན་མཁན་གྱི་མི་རྣམས་གྲང་ངར་ཆེ་བའི་གངས་འཁྱགས་ཀྱི་འཇིག་རྟེན་དེར་སླེབས་ནས་རྡོ་སྣུམ་བཟོ་པའི་སྐད་བཟང་མཐོན་པོས་འབོད་ཚིག་སྒྲོག་པ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་ལྗིད་འདེགས་སྒྲིག་ཆས་དབོར་བའི་རྣམ་པ་ཞིག་མངོན་སུམ་ལྟར་མཐོང་། ཝང་ཅིན་ཞི་ཡིས་དཔའ་ངར་ཆེན་པོས་འདམ་རྫིང་ནང་མཆོངས་ནས་གློ་བུར་དུ་དོལ་བའི་ཁྲོན་སྣུམ་འགོག་པའི་དཔའ་བོའི་བྱས་རྗེས་གླེང་སྐབས། ཚང་མར་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད། རྡོ་སྣུམ་བ་རྒན་རབས་ཚོའི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཀྱང་མྱོང་ཚོར་ཟབ་མོ་བྱུང་བ་རེད།
ཕུགས་འདུན་བརྗོད་ནས་སྤྲོ་སེམས་འཕེལ་བར་བྱས་ཏེ་བསམ་པའི་དད་མོས་ཀྱི་སྟོབས་ཤུགས་ཀྱིས་མདུན་སྐྱོད་ལ་སྣེ་ཁྲིད་བྱས་པ།
ཀུའོ་མིང་དབྱི་དམག་ཞབས་ཐིམ་ནས་ཨན་ཀང་དུ་ལོག་རྗེས། སྔ་རྗེས་སུ་ལས་གནས་མི་འདྲ་བ་བདུན་དུ་ལས་ཀ་བྱས་པ་སྟེ། རླངས་འཁོར་ཆེ་གྲས་ཀྱི་ཁ་ལོ་བ་བྱེད་སྐབས་གཏེར་ཁུལ་ཧྲིལ་པོའི་རྐང་འཁོར་གྱི་ལོ་རེའི་ཐོན་ཚད་མཐོ་ཤོས་བཏོད་པ་དང་། འཁོར་ཁང་གི་སྡེ་ཚོགས་ཀྲི་པུའི་ཧྲུའུ་ཅི་བྱེད་སྐབས་ཁོངས་གཏོགས་ཀྲི་པུའུ་ནི་ཨན་ཀང་དར་དམར་ཚོགས་པའི་ཀྲི་པུའུ་ཡིན་པ། དྲིལ་བསྒྲགས་ཀྱི་ལས་ཀ་བྱེད་སྐབས་ལོ་གཅིག་ལ་གསར་འགྱུར་རྩོམ་ཡིག་100ལྷག་ཙམ་སྤེལ་བ། ལག་རྩལ་སྒྱུར་བཀོད་བྱེད་སྐབས་སྙིང་རུས་ཆེན་པོས་དབྱིན་ཡིག་སློབ་སྦྱོང་བྱས་པས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས་ཁས་ལེན་པའི་ལོ་ཙཱ་བ་དང་གྲོགས་པོར་གྱུར་ཡོད། གྲུབ་འབྲས་དེ་དག་གང་ནས་བྱུང་བ་ཡིན་ནམ། ཀུའོ་མིང་དབྱིས“མི་ཚེའི་གདམ་ག་གང་འདྲ་ཞིག་ཡོད་ན། མི་ཚེའི་འགྲོ་ལམ་དེ་འདྲ་ཞིག་ཡོད། ངས་གུང་ཁྲན་ཏང་ཡོན་ཞིག་བྱེད་རྒྱུ་བདམས་པས། ངེས་པར་དུ་མི་དམངས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབ་རྒྱུ་དང་མི་དམངས་ལ་ཕན་པའི་མི་ཞིག་བྱེད་རྒྱུ་ཡིན”ཞེས་ལན་བཏབ། ཁོང་གིས་མི་ཚང་མར“ང་ཚོས་དུས་རབས་གསར་པར་འགན་འཁྲི་གསར་པ་ཕྲག་ཏུ་འཁུར་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཕུགས་བསམ་དང་། དད་སེམས། གདེང་ཚོད་བཅས་སྲ་བརྟན་དུ་བཏང་ན། གཞི་ནས་སྟོབས་ཤུགས་དང་། བློ་གྲོས། གསོན་ཤུགས་བཅས་ལྡན་ཐུབ”ཅེས་འབོད་སྐུལ་བྱས།
“བཟོ་བོའི་སྙིང་སྟོབས་ནི་བློ་གྲོས་དང་རྩལ་ནུས་ལ་བརྟེན་ནས་ལག་ནང་གི་ཐོན་རྫས་རྒྱུན་ཆད་མེད་པར་བཙོ་སྦྱང་དང་རྩེ་གྲར་བརྩོན་ལེན་བྱས་ཏེ། སྒྱུ་རྩལ་ཐོན་རྫས་སུ་འགྱུར་བར་བྱ་རྒྱུ་དེ་རེད”ལི་དབན་ཅུན་གྱིས་བཟོ་བོའི་སྙིང་སྟོབས་ལ་འགྲེལ་བཤད་སྟབས་བདེ་གནད་བསྡུས་ཤིག་བརྒྱབ་མོད། འོན་ཀྱང་ཁོང་གིས་བཟོ་བོའི་སྙིང་སྟོབས་ལག་ལེན་བྱེད་པར་ལོ་37ཏག་ཏག་སྤྱད་ཡོད། སྔོན་ཆད་ལ་ཕྱིར་དྲན་བྱས་ན། “བསྐྱར་དར་རྟགས་ཅན”གྱི་ཕྱོགས་སྒྱུར་འཁོར་སྒྲོམ་ལ་ཚ་ལ་རྒྱག་པའི་དཀའ་གནད་ཁྱད་བསད་བྱ་ཆེད། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་ཉིན་མཚན་དབྱེར་མེད་ངང་བརྟན་སྲུང་བྱས་ནས་ཚོད་ལྟ་ཐེངས་ཁྲི་ཕྲག་ཁ་ཤས་བྱས་པ་བརྒྱུད་མཐར་ལག་རྩལ་གྱི་བཀག་རྒྱ་ལས་ཚད་བརྒལ་ལེགས་གྲུབ་བྱུང་སྟེ། རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཕྱོགས་སྒྱུར་འཁོར་སྒྲོམ་ལ་ཚ་ལ་རྒྱག་པའི་ལག་རྩལ་འཛམ་གླིང་གི་སྔོན་ཐོན་གྱི་ཆུ་ཚད་དུ་སླེབས་ཐུབ་ཡོད། ལི་དབན་ཅུན་གྱིས་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་ལ་བརྟེན་ནས་ཚང་མར“ལས་གནས་གང་འདྲ་ཞིག་ཏུ་གནས་ཀྱང་རང་ཉིད་ཀྱིས་བདམས་པའི་དམིགས་ཚད་སྙིང་རུས་ཆེན་པོས་དོན་གཉེར་བྱས་ཚེ་ནམ་ཞིག་གྲུབ་འབྲས་ཐོབ་ངེས་རེད”ཅེས་བསྔགས་སྐུལ་བྱས་པ་རེད།
(བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)