དབྱི་ཐ་ལིའི་གཞོན་ནུ་ཧྲའན་ཤིས་ཤིས་ཨན་དུ་ལྟ་སྐོར་ལ་བསྐྱོད་པ།
“སྲོལ་རྒྱུན་སྲུང་སྐྱོང་དང་གསར་གཏོད་དང་ལེན་དབར་འགལ་བ་མེད”
འདི་ག་ཚགས་པར་གྱི་གསར་འགོད་པ་ཀྲང་ཏན་ཧྭ་ཡིས་པར་བརྒྱབ། འདི་ནི་དབྱི་ཐ་ལིའི་གཞོན་ནུས་ཆིན་ཧྲི་ཧོང་གི་དུར་རྫས་རྫ་བཟོས་གྱད་རྟའི་རྟེན་མཛོད་ཁང་དུ་དྲན་རྟེན་པར་རྒྱག་བཞིན་པ།
འདི་ནི་དབྱི་ཐ་ལིའི་གཞོན་ནུས་པི་ཡ་ཏི་ཤིས་ཨན་བཟོ་གྲྭར་ལྟ་སྐོར་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཀྲང་ཏན་ཧྭ་ཡིས་པར་བརྒྱབ།
ཤིས་ཨན་ནི་ཀྲུང་གོའི་རྒྱལ་རབས་13གྱི་རྒྱལ་ས་ཡིན་པ་དང་རོ་མ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གྲོང་ཁྱེར་ཞིག་རེད། དབྱི་ཐ་ལིའི་གཞོན་ནུ་58རོ་མ་ནས་ཐོན་ཏེ་གནའ་བོའི་རྒྱལ་ས་ཤིས་ཨན་དུ་ཡོང་སྟེ། གནའ་དེང་མཉམ་འདྲེས་ཀྱི་ཤར་ཕྱོགས་ཀྱི་ལོ་རྒྱུས་ལྡན་པའི་གྲགས་ཅན་གྲོང་ཁྱེར་དེར་འཚོལ་ཞིབ་གཏིང་ཟབ་བྱས་པ་རེད།
ད་ཐེངས་ཀྱི་ལྟ་སྐོར་བྱེད་སྒོ་དེ་ཀྲུང་གོ་སློབ་གསོ་རྒྱལ་སྤྱི་སྤེལ་རེས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱིས་གཉེར་འགན་འཁུར་བ་རེད། དབྱི་ཐ་ལིའི་པ་ལི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དང་པེར་ཅ་མོ་སློབ་ཆེན་སོགས་སློབ་ཆེན་18ནས་ཡོང་བའི་སློབ་མ་58ད་ཐེངས་ཀྱི་གཞོན་ནུའི་ཕོ་ཉའི་སྤེལ་རེས་སློབ་སྦྱོང་འཆར་གཞིའི་ནང་ཞུགས་པ་རེད། དེའི་རིང་གཞོན་ནུ་ཚོས་ཧྲའན་ཤིས་ཤིས་ཨན་གྲོང་ཁྱེར་དུ་ཡོད་པའི་དུར་རྫས་རྫ་བཟོས་གྱད་རྟ་དང་། ཅོང་ཁང་། ཤིས་ཨན་མཁར་རྫོང་སོགས་ལོ་རྒྱུས་ཀྱི་གནས་རྟགས་ལ་ལྟ་སྐོར་བྱས་ནས་ལོ་ངོ་སྟོང་གི་གནའ་བོའི་རྒྱལ་ས་དེའི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དངོས་སུ་ཉམས་ལེན་བྱས་པ་རེད།
ཤིས་ཨན་མཁར་རྫོང་འཛེག་སྐབས་དབྱི་ཐ་ལིའི་གཞོན་ནུ་རྣམས་ཉར་ཚགས་ཡག་པོ་བྱས་པའི་གནའ་བོའི་མཁར་རྫོང་འདིར་ཧང་སངས་ཤིང་། ཨའེ་ལི་ཨའོ་ནུའོ་ལ·ནཱ་ཐ་ལི་ཆིས་མཁར་རྫོང་གི་སོ་ཕག་ལ་རེག་བཞིན་དུ“འདིར་ཡོད་པའི་སོ་ཕག་ཚང་མ་ནི་ལོ་རྒྱུས་ཀྱི་ཤོག་ངོས་དང་འདྲ་བར་ལོ་ངོ་སྟོང་གི་གཏམ་རྒྱུད་བཀོད་ཡོད”ཅེས་སེམས་འགུལ་ཆེན་པོས་བཤད། རིང་ཚད་སྤྱི་ལེ་13.74ཡོད་པའི་མཁར་རྫོང་སྟེང་དུ་གཞོན་ནུ་ལ་ལས་རྐང་འཁོར་བཞོན་པ་དང་ལ་ལས་རྐང་ཐང་མར་བསྐྱོད་ཅིང་། ལམ་བར་མཁར་རྫོང་གི་ཐོག་ཁང་དང་ཟུར་ལྕོག་གི་ཁྱད་འཕགས་ཇུས་འགོད་ལ་ལྟ་བ་དང་གནའ་བོའི་སྐྲུན་དངོས་དང་དེང་རབས་གྲོང་ཁྱེར་གཉིས་ངོ་མཚར་ཆེ་བའི་མཉམ་འདྲེས་ལ་ལྟ་གི་ཡོད།
གནའ་བོའི་མཁར་རྫོང་ནས་ལོ་རྒྱུས་ཡུན་རིང་མྱོང་ཚོར་བྱེད་པ་དང་ཚན་རྩལ་མཐོ་བའི་ཁེ་ལས་ནས་གསར་གཏོད་ཀྱི་གསོན་ཤུགས་མྱོང་ཚོར་བྱེད་ཅིང་། ཤིས་ཨན་དུ་ཡུལ་སྐོར་བྱས་པ་ལས་དབྱི་ཐ་ལིའི་གཞོན་ནུ་ཚོར་བློ་སྐྱེད་མང་པོ་བྱུང་ཡོད། ནཱ་ཐ་ལི་ཆིས“ཤིས་ཨན་གྱི་མཐོང་ཐོས་ལས་ང་ཚོར་སྲོལ་རྒྱུན་སྲུང་སྐྱོང་དང་གསར་གཏོད་དང་ལེན་དབར་འགལ་བ་མེད་པ་གསལ་བཤད་བྱས་ཡོད”ཅེས་བརྗོད། ཁོང་ཚུད་པའི་གཞོན་ནུ་མང་པོ་ཞིག་གིས་ཐེངས་རྗེས་མའི་ཀྲུང་གོར་སྐྱོད་པའི་འཆར་གཞི་བཟོ་འགོ་ཚུགས་ཡོད།