ཨ་རིའི་གཞོན་ནུ་ཀྲེ་ཅང་ཆུས་ཀྲོའུ་ལ་ལྟ་སྐོར་དུ་བསྐྱོད་པ།
“ང་ཚོའི་སློབ་གྲྭ་དང་ཀྲུང་གོའི་དབར་ལས་འཕྲོ་ཟབ་མོ་འདི་འདྲ་ཡོད་པ་བསམ་ཡུལ་ལས་འདས་སོང”
ལིའུ་ཧུའེ་ཀྲེན་གྱིས་པར་བརྒྱབ། འདི་ནི་ཕིན་ཀེ་རུའེ་སློབ་གྲྭའི་སློབ་མ་དང་ཆུས་ཀྲོའུ་སློབ་འབྲིང་གཉིས་པའི་སློབ་མས་དྲན་རྟེན་པར་རྒྱག་བཞིན་པ།
ལིའུ་ཧུའེ་ཀྲེན་གྱིས་པར་བརྒྱབ། འདི་ནི་ཆུས་ཀྲོའུ་སློབ་འབྲིང་གཉིས་པའི་སློབ་མས་ལྟ་སྐོར་ལ་ཡོང་བའི་ཕིན་ཀེ་རུའེ་སློབ་གྲྭའི་སློབ་མར་སློབ་གྲྭའི་ལོ་རྒྱུས་ངོ་སྤྲོད་བྱེད་བཞིན་པ།
ཀྲེ་ཅང་ཆུས་ཀྲོའུ་གྲོང་ཁྱེར་ཆུས་ཀྲོའུ་གནམ་ཐང་དུ་ཨ་རིའི་དགེ་སློབ་10དང་ཀྲེ་ཅང་ཆུས་ཀྲོའུ་སློབ་འབྲིང་གཉིས་པའི་དགེ་སློབ་དབར་འབྲལ་མི་ཕོད་པར་གནས། ཨ་རིའི་སློབ་མ་ཏན་ཉིར·ཨར་ཝུན·ལཱ་ནའོ་ཡིས་བྲིས་པའི་འཕྲིན་ཡིག་ཅིག་ཀྲུང་གོའི་སློབ་མ་ལོན་དབྱི་ཁྲེན་ལ་སྤྲད་ཅིང་། “ངས་ཆུས་ཀྲོའུ་རུ་ཉིན་ལྔ་བསྡད་པ་ཡིན། ཁྱེད་རང་ཤིན་ཙེ་ཤིས་སུ་ཡོང་བར་དགའ་བསུ་ཞུ”ཞེས་འཕྲིན་ཡིག་ནང་ཁོང་གིས་རང་ཉིད་ཀྱི་གྲོགས་པོ་གསར་པར་ཀྲུང་གོ་བ་གདན་ཞུ་བྱས་ཡོད་པ་རེད།
ཨ་རིའི་དགེ་སློབ་དེ་དག་ཨ་རིའི་ཤིན་ཙེ་ཤིས་ཀྲོའུ་ཡི་ཕིན་ཀེ་རུའེ་སློབ་གྲྭ་ནས་ཡིན་པ་དང་ད་ཐེངས་ནི་སློབ་གྲྭ་དེའི་དགེ་སློབ་ཚོས་ཆུས་ཀྲོའུ་ལ་ལྟ་སྐོར་བྱེད་ཐེངས་ལྔ་པ་རེད། ཆུས་ཀྲོའུ་རུ་འབྱོར་བའི་ས་ཚིགས་དང་པོ་ཨ་རི་དང་ཀྲུང་གོའི་དགེ་སློབ་མཉམ་དུ་ཏུའུ་ལི་ཐེ་བྱ་སྤྱོད་ཀྱི་དྲན་གསོ་ཁང(གཤམ་དུ“དྲན་གསོ་ཁང”ཞེས་བསྡུ་རྒྱུ)དུ་བསྐྱོད་ནས་ཕན་ཚུན་འབྲེལ་བ་ཆགས་པའི་དམིགས་བསལ་གྱི་ལོ་རྒྱུས་དུམ་བུ་ཞིག་རྒྱུས་ལོན་བྱས་པ་རེད།
2011ལོར་ཆུས་ཀྲོའུ་སློབ་འབྲིང་གཉིས་པ་དང་ཕིན་ཀེ་རུའེ་སློབ་གྲྭ་རྒྱལ་སྤྱིའི་མཛའ་གྲོགས་སློབ་གྲྭར་གྱུར་པ་མ་ཟད། དུས་བཀག་ལྟར་སྤེལ་རེས་བྱེད་འགོ་ཚུགས་པ་རེད། 2015ལོ་ཚུན་དུ་ཨ་རིའི་ཏུའུ་ལི་ཐེ་ཧོབ་རྡུང་བའི་བུ་ཕྲུག་མཐུན་ཚོགས་ཀྱིས་ཆུས་ཀྲོའུ་སློབ་འབྲིང་གཉིས་པར་ཐེབས་རྩ་བཙུགས་ནས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་འཛུགས་པ་སོགས་ཀྱི་རྣམ་པ་བརྒྱུད་ཀྲུང་གོའི་གཞོན་ནུར་ཨ་རི་དང་ཀྲུང་གོའི་མཛའ་གྲོགས་མུ་མཐུད་རྒྱུན་འཛིན་བྱེད་པར་ལྕག་སྐུལ་བྱས་པ་རེད། 2018ལོར་ཆུས་ཀྲོའུ་ཏུའུ་ལི་ཐེ་བྱ་སྤྱོད་ཀྱི་དྲན་གསོ་ཁང་དངོས་སུ་སྒོ་ཕྱེ་བ་དང་། ཏུའུ་ལི་ཐེ་ཧོབ་རྡུང་བའི་རྗེས་རབས་པ་24ཆུས་ཀྲོའུ་རུ་སྒོ་འབྱེད་མཛད་སྒོར་ཞུགས་པ་རེད། དེ་རྗེས་སྐབས་དེ་དུས་བསྐྱབས་པའི་ཨ་རིའི་དམག་མིའི་རྗེས་རབས་པས་རྟག་ཏུ་ཆུས་ཀྲོའུ་རུ་ཡོང་ནས་ཀྲུང་གོ་མི་དམངས་ལ་གུས་བཀུར་མཚོན་པར་བྱེད་ཀྱི་ཡོད།
ཨ་རིའི་སློབ་མ་ཝུའེ་ནཱ་ཕུའུ·ཏེ་ཝུན·ཧྲ་ཨ་ཡིས“ང་ཚོའི་སློབ་གྲྭ་དང་ཀྲུང་གོའི་དབར་ལས་འཕྲོ་འདི་འདྲ་ཡོད་པ་བསམ་ཡུལ་ལས་འདས་སོང”འདི་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཞིག་རེད། ངས་ལོ་རྒྱུས་སློབ་ཚན་ཐོག་ལོ་རྒྱུས་དུམ་བུ་དེར་རྒྱུས་མངའ་ལོན་མོད། འོན་ཀྱང་ཆུས་ཀྲོའུ་མི་དམངས་ཀྱིས་ཨ་རིའི་འཕུར་སྐྱོད་པར་རོགས་སྐྱོབ་དང་རོགས་རམ་བྱས་པའི་གནས་ཚུལ་ཞིབ་ཕྲ་ཤེས་ཀྱི་མེད། ཏུའུ་ལི་ཐེ་བྱ་སྤྱོད་ཀྱི་རོགས་སྐྱོབ་ཆེན་པོའི་གཏམ་རྒྱུད་ལས་མི་རྣམས་ལ་སེམས་འགུལ་ཐེབས་ཡོད། གཞོན་ནུ་མི་རབས་ཤིག་ཡིན་པའི་ང་དང་སློབ་གྲོགས་ཚོས་ལོ་80ལྷག་ཙམ་རྒྱུན་མཐུད་བྱས་པའི་ཨ་ཀྲུང་གི་མཛའ་གྲོགས་འདི་མུ་མཐུད་རྒྱུན་འཛིན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།