མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དར་ཆ་མཐོན་པོར་བསྒྲེངས་ནས་ཆུ་ཚད་མཐོ་བའི་ཕན་ཚུན་འབྲེལ་མཐུད་ཀྱི་དྲ་རྒྱ་འཛུགས་པ།
མཐའ་འཁོར་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ།
དཔྱིད་ཀ་འདིར། ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་དབར་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བའི་གནས་ཚུལ་ཡང་ཡང་གྲགས།
ཟླ་3ཚེས་24ཉིན་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0ཡི་དམིགས་བསལ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བརྙན་ལམ་ཐོག་ནས་འཚོགས་པ་རེད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བཅུའི་གཙོ་གཉེར་སྡེ་ཚན་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ཡི་དཔོན་རིགས་ཚོགས་འདུར་ཞུགས་པ་རེད། ཕྱོགས་གཉིས་པོས་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0ཡི་རིམ་སྤོར་གྲོས་ཆོད་ཡི་གེའི་དོན་ཚན་ལྷག་མ་རྣམས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཡིག་ཆ་དང་བཅའ་ཁྲིམས་ཀྱི་ཞིབ་བཤེར་ལས་དོན་གང་མགྱོགས་ལེགས་སྒྲུབ་བྱ་རྒྱུའི་མོས་མཐུན་བྱས་ནས་གྲོས་ཆོད་ཡི་གེར་མིང་རྟགས་འགོད་རྒྱུར་གྲ་སྒྲིག་ཡག་པོ་བྱས་པ་རེད།
ཟླ་4ཚེས་10ཉིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་མ་འཇོག་སྐུལ་འདེད་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དགུ་པ་ཐེན་ཅིན་དུ་བདེ་བླག་ངང་འཚོགས་པ་དང་། ཚོགས་འདུའི་ཐོག་རྒྱལ་ཁབ་8དང་འབྲེལ་བ་ཡོད་པའི་རྣམ་གྲངས་18ལ་གན་རྒྱ་བཞག་པར་དངུལ་འབོར་སྒོར་དུང་ཕྱུར་47.95ཟིན་པ་རེད།
ཉིན་དེར་ལོ་སིའི་ཚོང་ཟོག་ཏུན་1600བླུགས་པའི་ཀྲུང་ལོའི་ལྕགས་ལམ་གྱི་རྒྱལ་སྤྱིའི་ཟོག་འགྲེམས་མེ་འཁོར་དེ་ཀྲུང་གོའི་ལྷོ་ནུབ་ཀྱི་མཐའ་མཚམས་སུ་གནས་པའི་མོ་ཧན་ལྕགས་ལམ་འགག་སྒོ་བརྒྱུད་བདེ་བླག་ངང་རྒྱལ་མཚམས་སུ་འཛུལ་ཞིང་། ཁུན་མིང་འགག་སྒོའི་གྲངས་གཞི་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོར་ཀྲུང་ལོའི་ལྕགས་ལམ་བརྒྱུད་དངོས་ཟོག་ཏུན་ཁྲི་150.8ཕྱིར་གཏོང་ནང་འདྲེན་བྱས་པར་རིན་ཐང་སྒོར་དུང་ཕྱུར་41.9ཟིན་པ་དེ་དུས་མཚུངས་ལས་9.2%དང་17.5%སོ་སོར་འཕར་ཡོད་པ་རེད།
“འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕན་ཚུན་འབྲེལ་མཐུད་ཀྱི་དྲ་རྒྱ་བཙུགས་ཏེ་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས”ཞེས་ཉེ་ཆར་འཚོགས་པའི་ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུའི་ཐོག་གསལ་པོར་བཏོན་ཡོད། རང་རྒྱལ་གྱི་མངའ་ཁོངས་རྒྱ་ཆེ་ཞིང་མཐའ་མཚམས་ལམ་ཐིག་རིང་བས་མཐའ་འཁོར་ནི་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་པའི་རྨང་གཞི་གལ་ཆེན་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་གཙོ་གནད། ཕྱི་འབྲེལ་གྱི་ཁྱོན་ཡོངས་ལ་ཐབས་ཇུས་འདིང་བའི་གཙོ་གནད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩ་བཅས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་མཐའ་འཁོར་ལ་ཁོང་ཡངས་དང་། ལྷག་བསམ། མཛའ་མཐུན། ཕན་སྦྱར་བཅས་ཀྱི་ཕྱི་འབྲེལ་འདུ་ཤེས་བཏོན་པ་དང་། མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་འབོད་སྐུལ་བྱས་ཡོད། མིག་སྔར་ཀྲུང་གོས་མཐའ་འཁོར་རྒྱལ་ཁབ་17དང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐུན་མོང་ངོས་འཛིན་བྱུང་བ་དང་མཐའ་འཁོར་རྒྱལ་ཁབ་25དབར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ནས་རྒྱལ་ཁབ་18ཡི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད།
ཚོང་དོན་མཉམ་ལས་རྒྱུན་མཐུད་རྒྱ་ཆེར་ཕྱིན་ཡོད།
ཟླ་4ཚེས་11ཉིན་ལག་ཐོགས་ཁ་པར་གྱི་ལྷུ་ལག་དང་གློག་ཀླད་ཀྱི་ལྷུ་ལག་སོགས་ཐོན་རྫས་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་མང་པོ་ཀོང་ཤིས་ཕིང་ཞང་མཛའ་མཐུན་འགག་སྒོ་བརྒྱུད་ཝེ་ཐེ་ནམ་གྱི་པེ་ཉིང་ཞིང་ཆེན་དང་པེ་ཅང་ཞིང་ཆེན་དུ་སྐྱོད་བཞིན་ཡོད་པ་རེད། ནན་ཉིང་འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་དང་པོ་དང་གཉིས་པར་མཛའ་མཐུན་འགག་སྒོ་བརྒྱུད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་རིན་ཐང་སྒོར་དུང་ཕྱུར་722.3ཟིན་པའི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པ་དེ་དུས་མཚུངས་ལས་11.1%འཕར་ཡོད་པ་རེད། དེའི་ནང་ཝེ་ཐེ་ནམ་ལ་ཕྱིར་གཏོང་ནང་འདྲེན་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་610.4ཟིན་པ་དེ་དུས་མཚུངས་ལས་10.6%འཕར་ཡོད་པ་རེད།
ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་དབར་གྱི་ཚོང་དོན་འགྲོ་འོང་གཉིས་ཁེ་གཉིས་ཕན་བྱུང་ཞིང་། ནང་འདྲེན་གྱི་ངོས་ནས་བལྟས་ན། མིག་སྔར་ཀྲུང་གོའི་ནང་འདྲེན་ཚོང་ཟོག་54%ཙམ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་ནས་དབོར་བ་དང་ཀྲུང་གོའི་ཁྲོམ་ར་ཆེ་ཤོས་ཀྱིས་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་རྒྱུན་མཐུད་ངང་བསྐྲུན་ཡོད་པ་རེད། ཕྱིར་གཏོང་གི་ངོས་ནས་བལྟས་ན། རང་རྒྱལ་གྱིས་མཐའ་འཁོར་རྒྱལ་ཁབ་ལ་ཕྱིར་གཏོང་བྱས་པའི་ཚོང་ཟོག་ནང་འཛད་རྫས་དང་། སྒྲིག་ཆས། ལྷུ་ལག་སོགས་ཡོད་པས་མཐའ་འཁོར་རྒྱལ་ཁབ་ཀྱི་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
ཕན་ཚུན་མ་འཇོག་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ཡོད།
ཀྲུང་ལོའི་ལྕགས་ལམ་དང་ཡ་ཝན་མྱུར་བགྲོད་ལྕགས་ལམ་དངོས་སུ་ཤར་གཏོང་བྱས་པ་ལས་ས་ཁུལ་རྒྱལ་ཁབ་ཀྱི“ལྕགས་ལམ་ཕུགས་འདུན”དང“མྱུར་བགྲོད་ལྕགས་ལམ་གྱི་ཕུགས་འདུན”མངོན་འགྱུར་བྱུང་བ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རང་བྱུང་སོལ་རླངས་མདོང་ལམ་དང་དེ་བཞིན་ཀྲུང་གོ་དང་མ་ལེ་ཞི་ཡ“རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”སོགས་རྣམ་གྲངས་འབོར་ཆེན་ཞིག་གིས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྔོན་སྒྲུབ་དང་སྔོན་ལ་ཚོད་ལྟ་བྱེད་པའི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱིས་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར་250ལྷག་ཙམ་གཏོང་བར་སྐུལ་ཁྲིད་བྱས་ནས་ལས་ཞུགས་ལས་གནས་ཁྲི་23ལྷག་ཙམ་བཏོད་པ་དེས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཉམ་ལས་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། ཕ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡང་སྐུལ་མ་ཐེབས་ཡོད།
2024ལོར་རང་རྒྱལ་གྱི་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་དངུལ་རྩ་མིན་པའི་རིགས་ལ་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར་336.9བཏང་བ་དེ་ལོ་གོང་མ་ལས་5.4%འཕར་བ་དང་། ཕྱི་ཕྱོགས་འགན་གཙང་ལེན་པའི་ལས་གྲྭའི་གན་རྒྱ་གསར་དུ་བཞག་པར་ཨ་སྒོར་དུང་ཕྱུར་2324.8ཟིན་པ་དང་ཚོང་གཉེར་ཡོང་འབབ་ཨ་སྒོར་དུང་ཕྱུར་1387.6བྱུང་སྟེ་ཕྱོགས་ཡོངས་ནས་ཕན་ཚུན་འབྲེལ་མཐུད་བྱེད་པའི་དྲ་རྒྱ་མུ་མཐུད་འཐུས་སྒོ་ཚང་དུ་ཕྱིན་ཡོད།
འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།
ཨེ་ཤེ་ཡ་དབུས་མའི་དུས་གཏན་མེ་འཁོར་གྱི་ལམ་ཐིག་གསར་པ་ཤར་གཏོང་བྱས་པ་དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་ལོ་འཁོར་མོར་གཏོང་ཚད་ཁྲི་གཅིག་ལྷག་ཙམ་ཟིན་པ་ལ་སོགས། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་དབར་ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་རེད།
མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དར་ཆ་མཐོན་པོར་བསྒྲེངས་ཏེ་མཐའ་འཁོར་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་བཏོད་ཅིང་། མིག་སྔར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཀྱིས་མཐའ་འཁོར་རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་བ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་མཐའ་འཁོར་རྒྱལ་ཁབ་ཏུ་སྔོན་སྒྲུབ་དང་སྔོན་ལ་ཚོད་ལྟ་བྱས་ནས་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་འདུ་ཤེས་མཐའ་འཁོར་རྒྱལ་ཁབ་ཀྱི་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་། ཨེ་ཤེ་ཡ་ཤར་མའི་མཉམ་ལས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། ཨེ་ཤེ་ཡའི་ཡིད་རྟོན་ཚོགས་འདུ་སོགས་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རིམ་པ་མང་བ་དང་ཁྱབ་ཁོངས་ལས་བརྒལ་བའི་མཉམ་ལས་ལས་སྟེགས་བསྐྲུན་ཏེ་མཐའ་འཁོར་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བཞིན་ཡོད། གནམ་གཤིས་འགྱུར་ལྡོག་དང་། དྲ་རྒྱའི་བདེ་འཇགས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐད་ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་དབར་འབྲེལ་གཏུག་དམ་ཟབ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྦྱིན་ཡོད།