དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་པ།

    —— རང་ལྗོངས་ཀྱིས་སྣ་མང་ཅན་གྱི་ཚོང་འགུགས་རྣམ་པ་གསར་པ་ཧུར་ཐག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-20

    ཝང་ཧྥུའུ་ཅིང་དང་ཆོན་ཅུས་ཏེ་སོགས་ཚོང་དོན་ཞབས་ཞུའི་ཁེ་ལས་ལྷ་སར་གཞིས་ཆགས་པ་དང་། ས་མཐོའི་ལི་གྲོ་དང་ཁ་ཆེ་ཤ་སྐམ་གྱི་ས་བོན་འདེབས་གསོ་རྟེན་གཞི་སོགས་རྣམ་གྲངས་ཀྱིས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་བཏང་བ། ནུས་རྒྱུ་གཙང་མའི་སྒྲིག་ཆས་དང་ལིས་ལས་སྣོན་སོགས་ཀྱི་ཐོན་ལས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད་པ་རེད།

    ཚོང་འགུགས་མ་འདྲེན་བྱས་ནས“ཆུ་འགོའི་རྒྱུག་ཆུ”དྲངས་ཤིང་། ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས“དོན་ཆེན་བཞིར”དམ་པོར་དམིགས་ནས་གཙོ་གནད་ཐོན་ལས་ཚོང་འགུགས་དང་། ཚོང་འགུགས་བྱེད་སྟངས་གསར་གཏོད་བྱེད་པ། ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྣ་མང་ཅན་གྱི་ཚོང་འགུགས་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་བཅས་ལ་དམིགས་ཏེ། དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད་པ་རེད།

    གནད་སྨིན་ངེས་གནས། གཙོ་གནད་ཐོན་ལས་ཚོང་འགུགས་བྱེད་པར་དམིགས་པ།

    མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་བོད་ལ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་མ་ཟད། རིག་གནས་ཀྱི་ནང་དོན་ཡང་ཟབ་མོ་ལྡན་ཞིང་། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ཁྱད་ལྡན་ཞིང་འབྲོག་ལས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད་པ་རེད།

    2023ལོའི་ཟླ་12པར། གཞིས་རྩེའི་ཤར་ཕྱོགས་ཉི་ཤར་ནུས་རྒྱུ་གཙང་མ་ཚད་ཡོད་ཀུང་སིས་ཚོང་འགུགས་མ་འདྲེན་བྱས་ནས་གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་གཞིས་ཆགས་ཤིང་། ཁེ་ལས་འདི་ནི་ཉི་ནུས་ཚ་དྲོད་དང་། འོད་ཤུགས། མཁའ་རླུང་གི་ཚ་ཕུམ་དང་དེ་བཞིན་ས་ཆུའི་ཚ་ཕུམ་བཅས་གཙོ་བོར་བྱེད་པའི་ནུས་རྒྱུ་གཙང་མའི་དྲོད་གཏོང་ཕྱོགས་བསྡུས་ཐག་གཅོད་ཇུས་གཞི་མཁོ་འདོན་གྱི་ཀུང་སི་ཞིག་རེད། 2024ལོར་ཁེ་ལས་དེའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་1.3ཟིན་ནས་གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི“གཞི་ཁྱོན་ཡན་གྱི་ཁེ་ལས”ཆེ་ཤོས་སུ་གྱུར་ཡོད་པ་རེད།

    “ལྗང་མདོག་ཐོན་ལས་ཚོང་འགུགས་བྱས་པ་དེས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་མ་ཟད། ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལའང་སྲུང་སྐྱོང་ཐུབ་ཡོད” གཞིས་རྩེ་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། 2024ལོར་གཞིས་རྩེ་གྲོང་ཁྱེར་གྱིས་གཙོ་ཁྲིད་ཐོན་ལས་དང་དམངས་འཚོ་ལེགས་གཏོང་ལ་ཤུགས་སྣོན་རྒྱག་པར་དམིགས་ནས་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས་སོགས་ཀྱི་ཐོན་ལས་ལ་དམིགས་ཏེ་ཚོང་འགུཌ་མ་འདྲེན་གྱི་རྣམ་གྲངས་ཁག་212ལེགས་སྒྲུབ་བྱས་ཡོད། རྣམ་གྲངས་དེ་དག་བརྒྱུད་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་དང་། ལས་ཞུགས་ལ་སྐུལ་ཁྲིད། དམངས་འཚོ་འཕེལ་རྒྱས་ལ་རམ་འདེགས་བཅས་བྱས་ཡོད་པ་རེད།

    ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་སོགས་རིག་གནས་དང་རང་བྱུང་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་། ཡུལ་སྐོར་ལས་རིགས་ཚོང་ཚོགས། ཤིན་ཏུང་ཧྥང་སོགས་སྨྱན་སྦྱོར་ལས་སྟེཌ་གལ་ཆེན་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ། གྲོང་ཁྱེར(ས་ཁུལ)བདུན་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལྗང་མདོག་སྐྱེ་ཁམས་རིག་གནས་དང་ཡུལ་སྐོར་ཐོན་ལས་གལ་ཆེན་འཕེལ་རྒྱས་ཀྱི་རྣམ་གྲངས་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ཁེ་ལས་མཁས་པར་འོས་སྦྱོར་བྱས་ནས། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་པ་རེད།

    གསར་གཏོད་བྱེད་སྟངས། ཚོང་འགུགས་མ་འདྲེན་གྱི་ཐབས་ལམ་རྒྱ་ཆེར་བཏང་བ།

    2024ལོར། རང་ལྗོངས་ཀྱིས“ཕྱིར་སྐྱོད་པ”དང“ནང་དུ་འདྲེན་པ”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཚོང་འགུགས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། ཐོན་ལས་ཆེན་པོ་དགུ་དང་ལས་རྣམ་ཁུལ་ཆེན་པོ་ལྔ་ལ་དམིགས་པ། ཧའེ་ཁོའུ་དང་། ཤིས་ཨན། ནན་ཅིང་། ཧྲང་ཧའེ་སོགས་སུ་བསྐྱོད་དེ་གནད་སྨིན་ཚོང་འགུགས་ལས་དོན་སྤེལ་ཡོད། ཀྲུང་གོ་རྒྱལ་སྤྱིའི་འཛད་ཟོག་དངོས་མང་སྟོན་ཚོགས་དང་། ནང་འདྲེན་དངོས་མང་སྟོན་ཚོགས། ཞབས་ཞུ་ཚོང་དོན་ཚོང་འདུས་སོགས་རྒྱལ་ཁབ་ཀྱི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོཌ་འདུའི་ལས་སྟེགས་ལ་བརྟེན་ནས་འགྲེམས་ཚོང་དང་ཚོང་འགུགས་ཟུང་འབྲེལ་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད། ཁྲེང་ཏུའུ་དང་། པེ་ཅིང་། ཤིས་ཨན། ཧྲང་ཧའེ་སོགས་དོན་གཅོད་ཁྲུའུ་བཞིའི་མདུན་ཕྱོཌ་ཀྱི་ལེཌ་ཆ་བཏོན་ཏེ་ཚོང་འགུཌ་དང་། འགྲེམས་ཚོང་། མཉམ་སྦྱོང་མཉམ་བརྡར་སོཌ་ཀྱི་བྱེད་སྒོ་སྤེལ་ཡོད། གཞན་ཡང་རང་ལྗོངས་ཀྱིས་གཙོ་གནད་དུས་སྟོན་དེ་ཉིད་ཚོང་འགུགས་མ་འདྲེན་གྱི་ཐབས་ལམ་གལ་ཆེན་དུ་བརྩིས་ནས། སྲོལ་རྒྱུན་དམངས་སྲོལ་དུས་ཆེན་གྱི་ཚོང་འགུགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཞོ་སྟོན་དང་། ཇོ་མོ་གླང་མའི་རིག་གནས་དུས་ཆེན། ཡར་ཀླུང་རིག་གནས་དུས་ཆེན་སོགས་ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་སྤེལ་ནས་དམིགས་ཚད་ཁེ་ལས་བོད་དུ་རྟོག་ཞིབ་ལ་གདན་དྲངས་པ་རེད།

    བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་བོད་སྐྱོར་ལས་བྱེད་པས་སྦྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་ཧུར་ཐག་བཏོན་ནས་བོད་སྐྱོར་ས་ཁུལ་གྱི་མ་དངུལ་དང་། ལག་རྩལ། དོ་དམ་ཉམས་མྱོང་བཅས་བོད་དུ་དྲངས་ཤིང་། 2024ལོར་རང་ལྗོངས་ཀྱི་བོད་སྐྱོར་ཚོང་འགུགས་བྱེད་ཚད་སྒོར་དུང་ཕྱུར་270ལྷག་ཙམ་ཟིན་ནས་ལྗོངས་ཡོངས་ཀྱི་ཚོང་འགུགས་ཐད་དངོས་སུ་མ་དངུལ་གཏོང་ཚད་ཀྱི་40%ཡས་མས་བཟུང་ཡོད། ལོ་ཧྲིལ་པོར་བོད་སྐྱོར་རྣམ་གྲངས་ཁག་1078ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་53.2བཏང་ཡོད་པ་རེད།

    དུས་བབ་གསར་པའི་ཚོང་འགུགས་མ་འདྲེན་གྱི་བླང་བྱ་གསར་པ་དང་འཚམ་པར་བྱ་ཆེད། ཚོང་འགུགས་བྱེད་སྟངས་རྙིང་པ་ཕུད་རང་ལྗོངས་ཀྱིས“དྲ་སྦྲེལ+ཚོང་འགུགས”དང་། “ཐོན་ལས་འཁོར་འབྲེལ་གྱི་ཚོང་འགུགས” “ཚོང་བརྟེན་ཚོང་འགུགས”སོགས་ཀྱི་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། མིག་སྔར་རང་ལྗོངས་ཀྱི་སྣ་མང་ཚོང་འགུགས་རྣམ་པ་གསར་པར་རིམ་གྱིས་སྐུལ་འདེད་བཏང་ཡོད་པ་རེད།

    ཞབས་ཞུ་ལེགས་གཏོང་། རྣམ་གྲངས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ།

    ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་སྦྲགས། ཁེ་ལས་དེ་བས་མང་བས་རང་ལྗོངས་སུ་གཞིས་ཆགས་རྒྱུའི་གདམ་ག་བྱས་ཤིང་། ཇི་ལྟར་བྱས་ནས་ཁེ་ལས“ནང་དུ་དྲངས”རྗེས“གཞིས་ཆགས་ཐུབ་པ”དང“འཕེལ་རྒྱས་ཡག་པོ་གཏོང་ཐུབ་པ”དེ་ཡང་མིག་སྔའི་དཔལ་འབྱོར་ལས་དོན་གྱི་ཞིབ་འཇུག་བྱ་གཞི་གལ་ཆེན་གྱི་གྲས་ཤིག་རེད།

    དེར་བརྟེན་རང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་གཏོང་དང་། ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན། ཐོན་ལས་སྐྱེ་ཁམས་འཐུས་ཚང་སོགས་ནས་འགོ་བཙུགས་ཏེ་བྱེད་ཐབས་སྣ་མང་སྤྱད་ནས་ཁེ་ལས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་ཏན་ཏིག་བཏང་བས། ཁེ་ལས་གངས་ལྗོངས་ས་མཐོར་གཞིས་ཆགས་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བ་བྱས་ཡོད།

    གཞན་ཡང་རང་ལྗོངས་ཀྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི“བརྒྱུད་རིམ་ཧྲིལ་པོ་ཚབ་སྒྲུབ་དང་ཆེད་དོན་ཚན་ཁག་གི་ཞབས་ཞུ”དང་གཙོ་གནད་རྣམ་གྲངས་ཀྱི་འགོ་ཁྲིད་ཀྱི་འགན་གཙང་འགན་ལེན་སོགས་ཀྱི་ཞབས་ཞུའི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ཏེ་རྣམ་གྲངས་ཁག་བདེ་བླག་ངང་ལས་འགོ་ཚུགས་པའི་འགན་ལེན་བྱས་ཡོད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཉམས་ལེན་འབད་སྒྲུབ་ཀྱིས་ཁེ་ལས་སུ་བསྐྱོད་དེ་གནད་དོན་དང་རེ་ཞུ་ཤེས་རྟོགས་གཏིང་ཟབ་བྱས་ནས་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ཡོད་པ་རེད།

    རྨང་གཞིའི་སྒྲིག་བཀོད་དེ་བས་འཐུས་སྒོ་ཚང་བ་དང་། ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་དེ་བས་གཟིགས་སྐྱོང་། ཚོང་གཉེར་ཁོར་ཡུག་དེ་བས་ལེགས་པ་བཅས་བྱུང་ཚེ་གཞི་ནས་ཁེ་ལས་དེ་བས་མང་བ་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་ཐུབ་པ་དང་རྣམ་གྲངས་ཐོན་ལས་དེ་བས་མང་བ་དེ་གར་གཞིས་ཆགས་ནས་ཕན་འབྲས་ཐོན་ཐུབ།

    འབྱུང་འགྱུར། རང་ལྗོངས་ཀྱིས་ཚོང་འགུགས་ཐབས་ལམ་གསར་གཏོད་དང་ཞབས་ཞུའི་ནུས་པ་ཆེར་གཏོང་ཐད་མུ་མཐུད་ཤུཌ་སྣོན་བརྒྱབ་སྟེ་དེ་བས་སྒོ་དབྱེའི་རྣམ་པ་དང་གསར་གཏོད་ཀྱི་བསམ་བློར་བརྟེན་ནས། སྤུས་ལེགས་ཀྱི་རྣམ་གྲངས་ཁེ་ལས་དེ་བས་མང་བ་རང་ལྗོངས་སུ་གཞིས་ཆགས་ཏེ་གངས་ལྗོངས་ས་མཐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བརྩམ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།