དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ལ་བསྡད་དེ་བོད་ཀྱི་ཁམ་བུའི་མེ་ཏོག་གི་མཛེས་སྡུག་ཉམས་ལེན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཕན་དབྱི་ཅིན། བསྟན་འཛིན་ཉི་ཟླ།   |     སྤེལ་དུས།  2025-04-20

    དཔྱིད་ཀའི་ཞོགས་པར། ས་མཐོའི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་C881ལྷ་ཉིང་ལྕགས་ལམ་བརྒྱུད་ནས་གངས་རི་དང་གྲོག་རོང་དབར་དུ་སྐྱོད་ཅིང་། སྒེའུ་ཁུང་ནས་ཕྱིར་བལྟས་ན་སྤྲིན་གྱི་ཚོམ་བུས་རི་ཀླུང་ཡོངས་སུ་བཀླུབས་པ་ལྟར་བཞད་པའི་ཁམ་བུའི་མེ་ཏོག་མཐོང་ཐུབ།

    ས་མཐོའི་འགྲིམ་འགྲུལ་སྔར་བས་སྟབས་བདེ་རུ་ཕྱིན་པ་དང་བསྟུན་ནས། “ཁེར་བགྲོད་ཡུལ་སྐོར་བ་རང་འདོད་ལྟར་འགྲོ་སྐྱོད”ཀྱི་ཡུལ་སྐོར་བྱེད་སྟངས་ལ་ཡུལ་སྐོར་བ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། བོད་རང་སྐྱོང་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་ཡིན་པའི་ལྷ་ཉིང་ལྕགས་ལམ་དེ་གངས་ལྗོངས་ས་མཐོའི་གསང་བ་འཚོལ་བའི་རིག་གནས་ཡུལ་སྐོར་གྱི“འཕར་རྩ་གསར་པར”འགྱུར་བཞིན་ཡོད། མེ་འཁོར་གྱི་འགོ་འཛིན་ཐན་ཀྲེན་གྱིས་ལག་ཐོགས་ཁ་པར་ནས་པར་ཡང་ཡང་རྒྱག་བཞིན་པའི་འགྲུལ་པ་ཞིག་ལ“སྐར་མ་ཁ་ཤས་སོང་རྗེས། མེ་འཁོར་གྱི་སྒེའུ་ཁུང་གཡས་ཕྱོགས་ནས་གངས་རི་དང་ཁམ་བུའི་ནགས་ཚལ་མཉམ་དུ་མཐོང་ཐུབ”ཅེས་ངོ་སྤྲོད་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་མེ་འཁོར་ནང་ད་དུང“ཡུལ་སྐོར་སྣེ་ཤན་པ་ཆུང་ཆུང”དང“སྐད་སྒྱུར་བ་ཆུང་ཆུང”སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས། ཡུལ་ལྗོངས་ས་ཚིགས་ངོ་སྤྲོད་བྱེད་པ་ནས་སྐད་བརྡའི་འབྲེལ་གཏུག་བྱེད་པའི་བར་འགྲུལ་པ་རྣམས་ཀྱི་དགོས་མཁོ་སྣ་ཚོགས་སྐོང་རྒྱུ་རེད།

    མེ་འཁོར་གྱི་སྒེའུ་ཁུང་ནས་ལྟ་སྐབས་ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་ཡུལ་ལྗོངས་མིག་ལམ་དུ་དལ་གྱིས་མངོན་འོང་། མེ་འཁོར་ལྷ་ས་ནས་ཐོན་སྐབས། ཐོག་མར་མིག་མདུན་དུ་མངོན་པ་ནི་མུ་འབྲེལ་གྱི་གངས་རི་ཡིན་པ་དང་། དེ་ནི་དངུལ་མདོག་གི་འབྲུག་ཆེན་ཞིག་ཀྱག་ཀྱོག་ངང་རྒྱུ་བ་དང་ཀུན་ནས་མཚུངས་ཤིང་། རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག་དང་ཕན་ཚུན་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་སྣང་།

    ལྷོ་རིའི་དུམ་བུར་མེ་འཁོར་རྫམ་ཟམ་ཆེན་བརྒྱུད་དགོས་ཀྱི་ཡོད། དེ་ནི་མིག་སྔར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་བརྒལ་ཚད་ཆེ་ཤོས་ཀྱི་གཞུ་དབྱིབས་ལྕགས་ལམ་ཟམ་པ་ཡིན་པ་དང་། ཟམ་འོག་གི་ཆུ་བོ་དར་གོས་ལྟར་གྲོག་རོང་ཁྲོད་དུ་བཞུར་ཞིང་། ངོགས་གཉིས་གཡང་གཟར་ལ་རྔམ་བརྗིད་ལྡན་པ་ཞིག་ཡོད།

    བོད་ལྗོངས་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སི་སྐྱེལ་འདྲེན་པུའི་ཀྲུའུ་རེན་ཡན་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་ཟམ་པ་121ཡོད་པར་སྤྱིའི་རིང་ཚད་ལ་སྤྱི་ལེ་84.6ཟིན་ནས་ལམ་ཐིག་ཧྲིལ་པོའི་རིང་ཚད་ཀྱི་21%བཟུང་ཡོད། ཟམ་པ་དེ་དག་གྲོག་རོང་བརྒལ་བ་དང་ལམ་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལྷན་དུ་སྦྲེལ་ནས་ལྷ་ཉིང་ལྕགས་ལམ་ཐོག་མེད་དུ་མི་རུང་བའི་ཡུལ་ལྗོངས་སུ་གྱུར་ཡོད།

    མེ་འཁོར་ཉིང་ཁྲིའི་ཁོངས་སུ་སྐྱོད་སྐབས། ཁམ་བུའི་མེ་ཏོག་གི་ཡུལ་ལྗོངས་ཆེས་ལྟ་ན་སྡུག་པའི་གནས་སུ་འབྱོར་ཞིང་། རི་སྐྱེས་ཁམ་བུའི་མེ་ཏོག་རི་ཀླུང་གང་སར་ཁྲ་ལྷམ་མེར་བཞད། ཉིང་ཁྲི་བབས་ཚུགས་ཀྱི་བདེ་འཇགས་ཞིབ་བཤེར་བ་བདེ་སྐྱིད་ལྷ་མོས“བསྐྱར་དར་རྟགས་ཅན་གྱི་མེ་འཁོར་མིག་མདུན་ནས་བྱ་འཕུར་བ་ལྟར་སྐྱོད་པ་མཐོང་སྐབས། ཕ་ཡུལ་གྱི་ཐང་དཀར་རྒོད་པོ་གངས་རིའི་འདབས་སུ་འཕུར་ལྡིང་བྱེད་པ་དང་གཉིས་སུ་མ་མཆིས”ཞེས་བརྗོད།

    ཉིང་ཁྲི་བབས་ཚུགས་ནས་རླངས་འཁོར་ལ་བསྡད་དེ་སྐར་མ་10ཙམ་སོང་རྗེས། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་ཉེར་གཉིས་པའི་ཡན་ལག་ཚོགས་ར་སྟེ་བུ་ཆུ་ཤང་རྡོ་སྡེང་གྲོང་ཚོར་འབྱོར། ཁམ་བུའི་མེ་ཏོག་ནི་ཟིང་མདོག་གི་རྒྱ་མཚོ་ལྟར་མུ་ལ་མུ་འབྲེལ་གྱིས་བཞད་པ་དང་། ཡུལ་སྐོར་བ་མང་པོ་དེའི་ཁྲོད་དུ་ཅི་དགར་སྐྱོད་བཞིན་མཆིས། ཧྲང་ཧའེ་ནས་ཡོང་བའི་ཡུལ་སྐོར་བ་ཀུང་ལགས་ཀྱིས་གངས་རིའི་འདབས་ཀྱི་བོད་རིགས་ཀྱི་གྲོང་ཚོ་དང་ཁམ་བུའི་མེ་ཏོག་གི་ཚལ་ལ་པར་རྒྱག་བཞིན་དུ“སྔོན་ཆད་བོད་ལྗོངས་ནི་ལམ་ཐག་ཤིན་ཏུ་རིང་བའི་ཚོར་སྣང་འདུག ད་ཆ་ཤུགས་འགྲེམས་མེ་འཁོར་ལ་བསྡད་དེ་བསྐྱོད་ན་སེམས་ལ་བསམས་པ་ལྟར་ཁམ་བུའི་མེ་ཏོག་གི་ཕ་ཡུལ་དུ་འབྱོར་ཐུབ”ཅེས་བཤད་པ་དང་། ཁོང་གིས་སྐད་འཕྲིན“གྲོགས་ཚོགས”ནང་ཁམ་བུའི་མེ་ཏོག་དང་གངས་རི་མཉམ་དུ་ཡོད་པའི་པར་བསྐུར་བར་མོས་བསྟོད་བྱེད་མཁན་ཧ་ཅང་མང་།

    ཁམ་སྡོང་འོག་ཟིང་མདོག་གི་གུར་ཆུང་ཆུང་མང་དག་ཅིག་ཕུབ་པ་དང་གྲོང་མི་ཚོས་ཁྱད་ལྡན་ཐོན་རྫས་ལྟ་བས་མི་ངོམ་པ་བསྒྲིགས་ཡོད་པ་སྟེ། འབྲི་ཏ་ས་འཛིན་སོས་པ་དང་། འཚོ་བཅུད་ལེགས་པའི་རླམ་རྩ་ཕོ་སུལ། དྲི་ཞིམ་གང་སར་འཐུལ་བའི་བོད་ཕག་གི་ཤ་བཅས་ཡོད་པ་མ་ཟད། གཡག་གི་རྩིད་པས་འཐག་པའི་ལག་ཕད་སོགས་ཀྱང་ཡོད་པ་དེ་དག་ལས་ས་མཐོའི་དམངས་སྲོལ་གང་ལེགས་མངོན་ཡོད། “ལྕགས་ལམ་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི”རྣམ་པར་བརྟེན་ནས་བུ་ཆུ་ཤང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་འཕར་ས་གསར་པ་ཞིག་བསུས་ཡོད། “ལྕགས་ལམ་ཤར་གཏོང་ཐུབ་པ་དང་ཆབས་ཅིག་འགྲིམ་འགྲུལ་དེ་བས་སྟབས་བདེ་རུ་ཕྱིན་ནས། ཁམ་བུའི་མེ་ཏོག་དུས་ཆེན་ཡང་ལོ་རེ་བཞིན་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད”ཅེས་རྡོ་སྡེང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ནོར་བུས་གསར་འགོད་པར་ངོ་སྤྲོད་བྱས།

    ཁམ་བུའི་མེ་ཏོག་གཙོ་བོར་བྱས་པའི་དཔྱིད་ཀའི་གསོལ་སྟོན་དེས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུག་ཅིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་4ཚེས་4ནས་ཚེས་6ཉིན་བར། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་20.86ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1.5བྱུང་ཞིང་། དུས་མཚུངས་ལས་37.62%འཕར་ཡོད་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གནས་ཚུལ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།