མཚོ་སྔོན་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཏོན་ནས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། 《མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》2025ལོའི་ཟླ་5ཚེས་1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་ཏེ་ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་བཏོན་པ་བརྒྱུད། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་ཞིབ་འཇུག་ཐག་གཅོད་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།
མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཞིང་ཆེན་ཆེན་པོ་ཡིན་པས། ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཞིང་། ཉི་ནུས་དང་། ཆུ་ནུས། རླུང་ནུས་བཅས་ཀྱི་ཐོན་ཁུངས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ལས་ཀའི་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ལས་ཀའི་གསར་གཏོད་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ལས་ཀའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་ནང་དོན་ལ་དམིགས་ནས། སྲོལ་ཡིག་ནང་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་དང་གཙོ་གནད་ཁ་གསལ་བཏོན་ཡོད་ལ། རིམ་ཁག་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ནུས་བླང་བྱ་ཡང་གསལ་པོ་བཟོས་ཡོད།
མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། སྲོལ་ཡིག་བཏོན་པ་དེས་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་སྒྲིལ་དང་། འཕེལ་རྒྱས་ཀྱི་སྔོན་དཔག་བརྟན་གཏོང་། ལམ་སྲོལ་དང་སྒྲིག་སྲོལ་གྱི་བཀག་རྒྱ་ལས་སྒྲོལ་བ། ཐོན་ལས་ཀྱི་འགྲན་རྩོད་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་བ་བཅས་ཐུབ་སྟེ། ནུས་རྒྱུ་གཙང་མ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད་ཅེས་བརྗོད་པ་རེད།