དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དཔྱིད་ཀྱི་དཔལ་མོའི་འཛུམ་ཞལ་ལྷུག་པོར་གྲོལ། ལུ་གུའི་འབའ་སྒྲས་གྲི་གུའི་རྩྭ་ཐང་བརྒྱན།

    —— ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་དཔྱིད་དུས་ལུ་གུ་སྐྱེ་གསོའི་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-18

    འདི་ནི་གྲི་གུ་རྩྭ་ཐང་དུ་རྩྭ་ཆུར་རོལ་བའི་མ་མོ་དང་ལུ་གུའི་ཁྱུ་ཚོགས་ཡིན་པ།

    ཟླ་བཞི་པའི་མཚོ་སྨད་ལ་དཔྱིད་ཀྱི་གྲང་ངད་ཅུང་ཆེ་བ་དང་། རྩྭ་ཐང་ད་དུང་ཡང་སྔོ་ཐིང་ཐིང་ཆགས་མེད་པར། དཔྱིད་ཀའི“གཅེས་ནོར”གཅིག་རྗེས་གཉིས་མཐུད་ངང་སྐྱེས་པ་ལས་གྲི་གུ་རྩྭ་ཐང་དུ་དཔྱིད་དུས་ཀྱི་ལུ་གུ་སྐྱེ་བའི་དུས་ཚིགས་འཆར། གསར་སྐྱེས་ལུ་གུའི་འབའ་སྒྲས་དགུན་གཞུང་རིང་མོ་གཉིད་དུ་ཡུར་བའི་ལྷིང་འཇགས་ཀྱི་རྩྭ་ཐང་ལ་གསོན་ཤུགས་གསར་པ་ཞིག་སྦྱིན།

    གྲི་གུ་སྡེ་ཁུལ་གྱི་འབྲོག་པ་ཆོས་གྲགས་ཀྱིས་ནམ་ལངས་མ་ཐག་ལམ་སེང་འཇིབ་རུ་འཁྱེར་ཏེ་ལྷས་རར་བསྐྱོད་ནས་གསར་སྐྱེས་ལུ་གུར་འོ་མ་སྟེར་བ་མ་ཟད། ལུ་གུ་སྐྱེས་མ་ཐག་པའི་མ་མོ་ལའང་ལྟོ་སྟེར་འགོ་ཚུགས། “ཁྱིམ་དུ་ལུག་མགོ་གྲངས་230ལྷག་ཙམ་ཡོད། ཉེ་ཆར་ལུ་གུ་30ལྷག་ཙམ་སྐྱེས་སོང་། ཕལ་ཆེར་ཟླ་4པའི་ཟླ་དཀྱིལ་ཙམ་ལ་ལུ་གུ་ཚང་མ་སྐྱེས་ཚར་གྱི་རེད། ལུ་གུ་སྐྱེ་བསུ་དང་གསོན་ཐུབ་པ་བྱ་རྒྱུ་ནི་ལོ་གཅིག་གི་ལས་ཀ་གལ་ཆེ་ཤོས་ཡིན་པས། དཀའ་ངལ་ག་ཚོད་ཆེ་རུང་འབྲོག་ལས་ཀྱི་ཐོན་འཕར་ལ་བསམ་བློ་བཏང་ན་དཀའ་ལས་རྒྱག་རིན་ཡོད”ཅེས་ཆོས་གྲགས་ཀྱིས་བཤད།

    ལུ་གུ་སྐྱེ་བསུ་དང་གསོ་ཚགས་ལས་དོན་ནི་འབྲོག་ལས་ཐོན་སྐྱེད་ཀྱི་ལྷུ་ཚིགས་གཙོ་བོ་ཞིག་རེད། ད་ལོ་མཚོ་སྨད་རྫོང་གིས་སྔ་ས་ནས་བཀོད་སྒྲིག་བྱས་ཏེ། གཟན་རྩྭ་གསོག་འཇོག་དང་རིམས་ནད་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཞིང་འབྲོག་ཞབས་ཞུའི་ལྟེ་གནས་ཀྱི་ལག་རྩལ་མི་སྣ་སྒྲིག་འཛུགས་ཀྱིས་གྲོང་ཚོ་དང་དུད་ཚང་དང་འབྲོག་པ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་ཞིང་འབྲོག་པར་ཚད་དང་ལྡན་པའི་སྒོ་ནས་ལུ་གུ་སྐྱེ་བསུ་བྱེད་སྟངས་དང་། ཚན་རིག་དང་མཐུན་པའི་ངང་ལུ་གུ་གསོ་ཚགས་བྱེད་སྟངས། རིམས་ནད་འགོག་བཅོས་བྱེད་སྟངས། ཕྱུགས་རིགས་གསོ་ཚགས་བདག་སྐྱོང་བྱེད་སྟངས་སོགས་བསླབས་ནས་ཕྱུགས་རིགས་ཀྱི་ནད་འགོག་ནུས་པ་ཆེ་རུ་དང་ལུ་གུ་གསོན་ཚད་མང་དུ་བཏང་སྟེ། ལོ་གསར་པར་འབྲོག་པར་ཐོན་འཕར་འབབ་འཕར་ཡོང་བར་རྨང་གཞི་བཏིང་ཡོད།

    སྒོ་བསྡུས་ཤང་བཀྲ་ཤིས་གསུམ་མདོ་གྲོང་ཚོའི་སྐལ་བཟང་ཟླ་བའི་ཁྱིམ་གྱི་ལྷས་རར་ལག་རྩལ་པ་བཀྲ་ཤིས་ཀྱིས་ལུ་གུའི་སྐྱེ་འཚར་ལ་ལྟ་ཞོར་དུ་སྐལ་བཟང་ཟླ་བར་ལུ་གུ་ཚད་ལྡན་ངང་སྐྱེ་བསུ་བྱེད་སྟངས་དང་ཚན་རིག་དང་མཐུན་པའི་གསོ་ཚགས་བྱེད་སྟངས་སོགས་ལག་རྩལ་གྱི་གནད་འགག་འགྲེལ་བཤད་བརྒྱབ་ཅིང་། ཁོང་གིས“ལྷས་རའི་ཁོར་ཡུག་གཙང་སྦྲ་བྱེད་སྟངས་ནས་ལུ་གུ་བདག་སྐྱོང་བྱེད་པའི་བར་དང་། དེ་ནས་གཟན་ཆག་སྦྱོར་རྟ་བྱེད་པའི་བར་གྱི་ལས་ཀ་ཚང་མར་ལྷོད་གཡེང་གཏོང་མི་རུང་། དེ་ལྟར་བྱས་ན་གཞི་ནས་ལུ་གུ་གསོན་ཚད་འགན་ལེན་བྱེད་ཐུབ”ཅེས་ས་གནས་ས་ཐོག་ཏུ་ལུ་གུ་སྐྱེ་བསུ་བྱེད་སྟངས་དང་འོ་མ་སྟེར་སྟངས་སོགས་བསླབས་པ་སྐལ་བཟང་ཟླ་བས་གཟབ་ནན་གྱིས་སྦྱངས་པ་རེད།

    ཉེ་བའི་ལོ་ཤས་རིང་། མཚོ་སྨད་རྫོང་གིས་ཡུལ་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། ནོར་ལུག་གི་ཁྱད་ལྡན་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་དང་། ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད། ཕྱིར་ཚོང་ཁྲོམ་ར་རྒྱ་སྐྱེད་བཅས་བཏང་ནས། ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། གྲི་གུ་ཤང་གི“ལུག་སྟོང་གི་རྒྱུད་སྤེལ་རྟེན་གཞི”དང་། “འབྲི་གཡག་བརྒྱ་གྲངས་ཀྱི་གསོ་སྤེལ་རྟེན་གཞི” དེ་བཞིན་གྲི་གུ་འབྲོག་ལས་སྒྱུར་བཅོས་ཚོད་ལྟའི་འཛུགས་སྐྲུན་རྣམ་གྲངས་བཅས་ཀྱིས་འབྲོག་ལས་ཚབ་གཉེར་ལག་བསྟར་བྱས་པ་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་བྱས་པས། ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ་དང་མང་ཚོགས་ལ་ཕྱུག་འགྱུར་གྱི་ཐབས་ལམ་རྙེད་པ་མ་ཟད། ད་དུང་སྒོ་བསྡུས་ཀྱི་ལུག་དང་གྲི་གུའི་ལུག་ཀྱང་ལྗོངས་ཕྱི་ནང་དུ་སྐད་གྲགས་ཅུང་ཟད་ཆོད་ཡོད།

    གསར་འགོད་པས་མཚོ་སྨད་རྫོང་ཞིང་འབྲོག་སྡེ་ཚན་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར། རྫོང་ཡོངས་སུ་ཁྱོན་བསྡོམས་གཟན་ཆག་ཏུན་1170.36དང་གཟན་རྩྭ་ཏུན་324.8གསོག་འཇོག་བྱས་ཡོད་པ་དང་། རྫོང་ཡོངས་སུ་ཕྱུགས་རིགས་མགོ་གྲངས་136259གསོས་པ་དང་ལུ་གུ་ཁྲི་3.01ལྷག་ཙམ་སྐྱེས་པར་གསོན་ཚད་ཁྲི་2.83ལྷག་ཙམ་94%ཟིན་ཡོད། སྔོན་དཔག་བྱས་ན། ཟླ་4ཚེས་20ཉིན་ལུ་གུ་སྐྱེ་བསུ་དང་གསོ་ཚགས་ལས་ཀ་ཚང་མ་ལེགས་གྲུབ་ཟིན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།