རང་ལྗོངས་ཀྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་དམིགས་ཚད་དང་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། ཚུགས་གནས་སྔར་བས་མཐོ་བའི་སྒོ་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་ཚད་གཞི་སྔར་བས་ནན་པོའི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ་རེད།
ཀྲུང་གུང་བོད་རང་སྐྱོང་ལྗོངས་ཕྱི་དོན་དོན་གཅོད་ཁང(གཤམ་དུ་ལྗོངས་ཕྱི་དོན་དོན་གཅོད་ཁང་ཞེས་བསྡུ་རྒྱུ)ཏང་ཙུའུ་ཡིས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ཆེད་དོན་ཟུར་ཁྲིད་བྱས་པ་དང་། ལྗོངས་ཕྱི་དོན་དོན་གཅོད་ཁང་ལས་ཁུངས་ཀྱི་ཏང་ཀྲི་པུའུ་10ཡིས་དུས་མཉམ་དུ་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད། ཚན་ཁག་གི་ཁོངས་མི་དང་འབྲེལ་ཡོད་ལས་སྒོའི་ཁྲུའུ་དང་ཁང་གི་འགན་འཁུར་བློ་མཐུན་ཚོས་སློབ་སྦྱོང་གི་བརྗོད་དོན་གཙོ་བོར་དམིགས་ནས་གཅིག་སྡུད་རང་སྦྱོང་དང་སྤེལ་རེས་བགྲོ་གླེང་བྱས་ཤིང་། ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོ་བརྗོད་དོན་གཙོ་བོར་བྱེད་པ་དང་ཁ་ཕྱོགས་གསལ་པོ་ཡོད་པས། གནད་དོན་ལ་གཞིགས་ནས་སྦྱོང་བ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ། བསམ་བློ་གཏིང་ཟབ་བཏང་ནས་སྦྱོང་བ་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། གཏིང་ཟབ་དང་ཏན་ཏིག་སྤེལ་བའི་ཐད་འབད་བརྩོན་གྱིས་སློབ་སྦྱོང་བྱེད་ཞོར་དུ་ལྟ་བསྡུར་དང་། ཞིབ་ལྟ། དག་ཐེར་བཅས་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། ཏང་གཤིས་བློ་སྦྱོང་ལ་ཕན་འབྲས་གསར་པ་ཐོན་པ། སྤྱོད་ཚུལ་དང་ནུས་པར་མཐོར་འདེགས་གསར་པ་ཡོད་པ་བཅས་ཀྱི་འགན་ལེན་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་དེ་ཕྱི་དོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་འཛད་མེད་ཀྱི་སྒུལ་ཤུགས་སུ་འགྱུར་བ་བྱེད་ཀྱི་ཡིན་ཞེས་ཚང་མས་མགྲིན་གཅིག་ཏུ་བརྗོད།
ཆབ་མདོ་གྲོང་ཨུད་སྒྲིག་གཞི་ཨུ་ལྷན་གཞུང་ལས་ཁང་གིས་སྒྲིག་གཞིའི་སྒྲིག་ཁོངས་སྒྱུར་བཅོས་ཀྱི་སྣ་འདུས་ཐབས་བཟང་སྤྱད་ནས་གཞི་རིམ་བཅོས་སྐྱོང་གི་ཁུར་པོ་ཡང་དུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ་རེད། “ཏང་འཛུགས་སྐྱོང་གི་མཐུན་རྐྱེན་སྦྱོར་བའི”ལས་དོན་གསར་གཏོད་ངང་སྤེལ་བ་དང་གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)141ལ་ཏང་འཛུགས་སྐྱོང་ལས་དོན་གཞུང་ལས་ཁང་གཅིག་གྱུར་ངང་བཙུགས་ཏེ། “གཞུང་ལས་ཁང་གཅིག་གིས་གཅིག་གྱུར་དོ་དམ་བྱེད་པའི”གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བསྐྲུན་ཡོད། “ཤེས་ལྡན་པའི་རྨང་གཞི་བརྟན་གཏོང”འཆར་གཞི་བརྒྱུད་ཏང་དོན་གྱི་ཧྲག་དམག་བཀོད་སྒྲིག་བྱས་ནས་ཏང་ཡོན་གྱི་སློབ་གསོ་དང་། མང་ཚོགས་ལ་ཞབས་ཞུ། ཤེས་དཔལ་ལག་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་བསྐྲུན་ཡོད།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྣེ་གདོང་ཁྲོམ་གཞུང་ཀུན་ཁམས་སྡེ་ཁུལ་དུ་སློབ་མ་སྐྱེལ་བསུའི་ཚོགས་ཆུང་བཙུགས་ཤིང་། ཁོངས་གཏོགས་ཁུལ་གྱི་འགྲོ་སྐྱོད་སྟབས་བདེ་མེད་པ་དང་རིག་ནུས་ལག་ཐོགས་ཁ་པར་སྤྱོད་མི་ཤེས་པའི་ཏང་ཡོན་རྒན་གྲས་ཚོར་དམིགས་ནས་སྒོ་རྩར་སློབ་མ་སྐྱེལ་བསུའི་བྱེད་སྒོ་སྤེལ་བ་དང་། ཁོང་ཚོར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་འབྲེལ་བ་ཡོད་པའི་སློབ་སྦྱོང་དཔྱད་ཡིག་བསྐྱལ་ནས་ཏང་ཡོན་རྒན་གྲས་སློབ་སྦྱོང་ཐད་སློབ་ཚན་ཆད་ལུས་མེད་པ་དང་། རིགས་པའི་གཞུང་ལུགས་ཐད་སློབ་སྦྱོང་འཐུས་ཤོར་མེད་པ། བསམ་པའི་ཐད་རྗེས་ལུས་མི་ཐེབས་པ་བཅས་ཀྱི་འགན་ལེན་བྱས་ཡོད།
མངའ་རིས་ས་ཁུལ་རྩ་མདའ་རྫོང་གིས་སློབ་སྦྱོང་ཐད་འབད་བརྩོན་བྱས་ཏེ། ཏང་ཡོན་ལས་བྱེད་པས་རང་འགུལ་ངང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་སྒྲིག་ཁྲིམས་ཀྱི་མཐའ་ཚད་ནན་སྲུང་གི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད། ཏང་ཡོན་ལས་བྱེད་པས“ལས་ཞོར་དུ་གཅིག་སྡུད་སློབ་སྦྱོང་དང་ལས་ཞོར་དུ་ལག་ཐོགས་ཁ་པར་ནས་སློབ་སྦྱོང་བྱེད་པའི”རྣམ་པའི་ཐོག་ནས་རང་བརྟེན་རྣམ་པ་དང་རང་འགུལ་རང་བཞིན་གྱི་སྒོ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་ངོ་བོའི་ནང་དོན་ཞིབ་ཀློག་མཐིལ་རྟོགས་བྱས་ཏེ་ཏང་ཡོན་ལས་བྱེད་པར་སྤྱོད་ཚུལ་ལ་དམ་འཛིན་ནན་པོ་བྱེད་པའི་བསམ་བློའི་རང་རྟོགས་ཆགས་རྒྱུར་སྐུལ་འདེད་བཏང་ཡོད། “འགག་རྩའི་ཉུང་ཤས”ཡིན་པའི་རྫོང་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ནས་འགོ་བཙུགས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རང་ངོས་ཀྱི་ཁག་བགོས་དོ་དམ་གྱི་ལས་ཀའི་དོན་དངོས་ཟུང་འབྲེལ་བྱས་ཏེ་གོང་ནས་འོག་ཏུ་སློབ་སྲོལ་ཏན་ཏིག་སྤེལ་བ་དང་སྤྱོད་ཚུལ་ལེགས་སུ་བཏང་བ་རེད།