ཉིང་ཁྲི་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས།
བཅའ་སྡོད་གྲོང་ཚོར་རྨོ་འདེབས་འཕྲུལ་འཁོར་ཆུང་གྲས་ཞལ་འདེབས་བརྒྱབ་ནས་དཔྱིད་རྨོད་དཔྱིད་འདེབས་ལ་རམ་འདེགས་བྱས་པ།
(གསར་འགོད་པ། ཟླ་བ་ཚེ་རིང) ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གཟེངས་ཐོག་གྲོང་ཚོའི་ཁོ་ར་ཁོར་ཡུག་ཀུན་ཏུ་བཀྲ་ཤིས་པའི་རྣམ་པས་ཁེངས་ཤིང་། གྲོང་ཚོའི་མང་ཚོགས་རྒན་དར་གཞོན་གསུམ་གྱི་ངོ་གདོང་ལས་དགའ་བའི་འཛུམ་མདངས་རབ་ཏུ་འཕྱུར་བའི་རྣམ་པ་ནི། ཉེ་དུས་ཉིང་ཁྲི་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་རྫ་ཡུལ་རྫོང་མགོ་ལ་ཤང་གཟེངས་ཐོག་གྲོང་ཚོར་འཚོགས་པའི་རྨོ་འདེབས་འཕྲུལ་འཁོར་ཆུང་གྲས་ཞལ་འདེབས་རྒྱག་པའི་མཛད་སྒོའི་རྣམ་པ་རེད། ད་ཐེངས་ཉིང་ཁྲི་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་གཟེངས་ཐོག་གྲོང་ཚོའི་དུད་ཚང་17ཚང་མར་ཁྱོན་བསྡོམས་རིན་ཐང་སྒོར་64700རི་བའི་རྨོ་འདེབས་འཕྲུལ་འཁོར་ཆུང་གྲས་རེ་ཞལ་འདེབས་བརྒྱབ་ནས་མིག་སྔའི་དཔྱིད་རྨོད་དཔྱིད་འདེབས་ལ་རམ་འདེགས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2011ལོར་ཉིང་ཁྲི་གྲོང་ཁྱེར་གནམ་གཤིས་ཅུས་མགོ་ལ་ཤང་གཟེངས་ཐོག་གྲོང་ཚོར་བཅའ་སྡོད་བྱས་པ་དང་། བགྲང་བྱ་བཅུ་གསུམ་གྱི་རིང་ལ། ཉིང་ཁྲི་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་བཅའ་སྡོད་བྱ་ཡུལ་གྲོང་ཚོར་རོགས་རམ་གནད་འཁེལ་བྱ་ཆེད། ལོ་ལྟར་ཉུང་མཐར་ཡང་ས་གནས་ས་ཐོག་ཏུ་བརྟག་དཔྱད་ཐེངས་གཉིས་རེ་བྱས་ཏེ་གྲོང་ཚོའི་དངོས་ཡོད་དཀའ་ངལ་ཤེས་རྟོགས་དང་འཕེལ་རྒྱས་ཀྱི་འཆར་གཞི་འགོད་རོགས་བྱེད་ཀྱི་ཡོད་ཅིང་། སྐབས་རིམ་བྱུང་གི་གྲོང་ཚོའི་ལས་དོན་རུ་ཁག་དང་ལས་དོན་རུ་མི་87གྱིས་སེམས་ནུས་ཡོད་རྒུ་གྲོང་ཚོའི་བརྟན་ལྷིང་དང་འཕེལ་རྒྱས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། གྲོང་ཚོའི་དཀའ་གནད་དང་བུ་ཕྲུག་གི་སློབ་གསོ་ལས་ཞུགས་སོགས་ལ་བཏོན་ཏེ། སྔ་རྗེས་སུ་ཞིང་འཕྲུལ་ཉོ་རོགས་དང་། འཚོ་བའི་མཁོ་ཆས་སྤྲོད་པ། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ད་དུང་སློབ་མ་6ལ་སློབ་སྐྱོར་རོགས་དངུལ་སྤྲད་པ་དང་སློབ་མ་2ལ་ལས་ཀ་འཚོལ་རོགས་བྱས་ཡོད་པ་རེད།
འདི་ནི་གཟེངས་ཐོག་གྲོང་ཚོའི་མང་ཚོགས་ལ་རྨོ་འདེབས་འཕྲུལ་འཁོར་ཆུང་གྲས་རྩིས་སྤྲོད་བཞིན་པ།
འདི་ནི་གཟེངས་ཐོག་གྲོང་ཚོའི་མང་ཚོགས་ཀྱིས་རྨོ་འདེབས་འཕྲུལ་འཁོར་ཆུང་གྲས་གཏོང་བཞིན་པ།
འདི་ནི་གཟེངས་ཐོག་གྲོང་ཚོར་ཞལ་འདེབས་བརྒྱབ་པའི་རྨོ་འདེབས་འཕྲུལ་འཁོར་ཆུང་གྲས་ཡིན་པ།