ལྷ་ས་གྲོང་ཁྱེར་གྱི“བཟོ་ལས་ཐོན་ལས་རིགས་བརྒྱད”ཀྱི་ཁེ་ལས་ལ་རོགས་སྐྱོར་དཀའ་སེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཉེ་ཆར་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱིས་ལྷ་སའི་ཆུ་བཟང་དང་། མི་རིགས་མཁོ་ཆས། ཞིང་ཕྱུགས་ལས་སྣོན། བོད་ཀྱི་གསོ་བ་རིག་པ། གྲངས་འཛིན་དཔལ་འབྱོར་བཅས་ཐོན་ལས་ཁྱབ་ཁོངས་རིགས་ཆེན་པོ་ལྔ་ལ་དམིགས་ནས“བཟོ་ལས་ཐོན་ལས་རིགས་བརྒྱད”ཀྱི་ཁེ་ལས་ལ་རོགས་སྐྱོར་དཀའ་སེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཁག་ཐེངས་བཞི་ལ་བགོས་ནས་འཚོགས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག ཁེ་ལས་ཀྱི་འཐུས་མི་ཚོས་གཏམ་བཤད་ལྷུག་པོར་སྤེལ་ནས་དེང་སྐབས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་དེ་བཞིན་དགོས་མཁོར་གཞིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་དང་འབྲེལ། གོམ་སྟབས་རྗེས་མའི་ལས་དོན་ཐད་བསམ་འཆར་དང་གྲོས་འགོ་གལ་ཆེན་བཏོན་པ་རེད། ཁེ་ལས་ཀྱིས་བཏོན་པའི་གནད་དོན་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་ལས་རིགས་ཀྱི་འགན་འཁུར་བས་ས་གནས་ས་ཐོག་ཏུ་ལན་བཏབ་པ་དང་འབྲེལ་ཐག་གཅོད་ཇུས་གཞི་རགས་ཙམ་བཟོས་པ་རེད།
ད་ཐེངས་ཀྱི་རིམ་སྤེལ་བཞུགས་མོལ་ཚོགས་འདུར་ཁྱོན་ཁེ་ལས་ཀྱིས་བཏོན་པའི་དཀའ་གནད་ཁག་50ལྷག་ཙམ་འཚོལ་བསྡུ་བྱས་པ་དེ་དག་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། ཁྲོམ་ར་གསར་འབྱེད། ཤེས་ལྡན་པ་གསོ་སྐྱོང་སོགས་ཕྱོགས་མང་པོར་ཁྱབ་ཡོད། ལྷ་ས་གྲོང་ཁྱེར་དང་རྫོང་དཔལ་འབྱོར་ཆ་འཕྲིན་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་ཐད་གཏོགས་ཚན་པས་ས་གནས་ས་ཐོག་ཏུ་གནད་དོན་ཁག་20ལྷག་ཙམ་མཐུན་སྦྱོར་ཐག་གཅོད་བྱས་པ་དང་འབྲེལ། གནད་དོན་གྱི་རྩིས་ཁྲ་བཟོས་ཏེ་འགན་འཁྲིའི་ཚན་པ་དང་ཐག་གཅོད་ཀྱི་དུས་བཀག་གསལ་པོ་བཟོས་ཐོག་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པའི་འགན་ལེན་བྱས་པ་རེད།