གཡན་ཐའེ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་པས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་མཉམ་འགུལ་ཡུག་ཁུལ་རྣམ་གྲངས་ཧུར་ཐག་བཏོད་པ།
ཉེ་ཆར་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། གཡན་ཐའེ་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་གི་ཧྲན་ཏུང་དང་བོད་ཀྱི་གྲོང་ཚོ་བརྒྱའི་བདེ་སྐྱིད་ཁྱིམ་གཞིས་འཛུགས་སྐྲུན(མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན)གྱི་གྲོང་གསེབ་དར་རྒྱས་5288ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་མཉམ་འགུལ་ཡུག་ཁུལ་རྣམ་གྲངས་དུས་ཐེངས་གཉིས་པ་དང་གསུམ་པར་ཉེ་དུས་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ནས་གཉའ་ནང་གི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད་པ་རེད།
གཉའ་ནང་རྫོང་གི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་ནང་དོན་གང་ལེགས་སྔོག་འདོན་བྱ་ཆེད། 2023ལོའི་ཟླ་3པར། གཡན་ཐའེ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་པས་རྒྱལ་ནང་གི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཇུས་འགོད་ཚན་པ་རྩེ་གྲ་གདན་དྲངས་ནས་གཉའ་ནང་གི་ས་ཁོངས་ཡོངས་སུ་ཚད་གཞི་མཐོ་བའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཇུས་འགོད་བྱས་ཤིང་། ལོ་གསུམ་གྱི་བོད་སྐྱོར་རིང་གི་རིག་གནས་དང་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་བོད་སྐྱོར་མ་དངུལ་སྒོར་ཁྲི་5000ལྷག་ཙམ་བསྡུ་སྒྲིལ་བྱས་ནས་གཙོ་གནད་ཐོག་གཉའ་ནང་རྫོང་གི་རིག་གནས་དང་ཡུལ་སྐོར་རྣམ་གྲངས་ཀྱི་ཞན་ཆ་བསལ་བ་དང་། ཚད་གཞི་མཐོ་བ་དང་འགོ་འཛུགས་ས་མཐོ་པོས་རྒྱལ་ལམ་318ལམ་རྒྱུད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་དཔལ་འབྱོར་ཁུལ་འཆར་འགོད་བྱས་ཏེ་གྲོང་གསེབ་དར་རྒྱས་5288ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འགུལ་ཡུག་ཁུལ་བཏོད་པ་དང་། ལྕང་སྒང་དང་རྫོང་དར་A3རིམ་པའི་མཛེས་ལྗོངས་ཁུལ་དང་། དེ་བཞིན་ལེ་ལག་ཚང་བའི་རིག་གནས་དང་ཡུལ་སྐོར་ཞབས་ཞུའི་རྣམ་གྲངས་བཏོད་དེ་ཡུལ་སྐོར་ཐོན་ཁུངས་ཀྱི་མ་འཇོག་དང་གསར་སྤེལ་ལ་སྐུལ་འདེད་བཏང་ནས་གཉའ་ནང་གི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།