དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-16

    འདི་ནི་ཟླ་4ཚེས་14ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ལྷན་གནས་ཡུལ་དུ་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ལྷན་གནས་ཡུལ་དུ་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཝེ་ཐེ་ནམ་གྱི་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་ཝེ་ཐེ་ནམ་གྱི་ཆབ་སྲིད་དང་སྤྱི་ཚོགས་བརྟན་ལྷིང་བྱུང་བ་དང་། གསར་བཅོས་བྱ་གཞག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པ། རྒྱལ་སྤྱིའི་གནས་བབ་ཉིན་རེ་བཞིན་མཐོ་རུ་འགྲོ་གི་ཡོད་པས་ཀྲུང་གོ་ཕྱོགས་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་དང་ཝེ་ཐེ་ནམ་གཉིས་ཀྱིས་མི་རིགས་དར་རྒྱས་མངོན་འགྱུར་དང་རྒྱལ་ཁབ་འཕེལ་རྒྱས་མགྱོགས་པོ་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཡོད། དེས་ན་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་བྱེད་པ། རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་། མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ་བཙན་དབང་རིང་ལུགས་དང་། ཕྱོགས་རྐྱང་རིང་ལུགས། སྲུང་སྐྱོབ་རིང་ལུགས་བཅས་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་ཡག་པོ་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ནས་ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་བར་སྲུང་སྐྱོང་བྱེད་དགོས།

    ཕྱོགས་གཉིས་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོ་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་འཐབ་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་བྱེད་དགོས་ཤིང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་སྐམ་མཚོ་འབྲེལ་བའི་ཡུལ་བབ་གྱི་ལེགས་ཆ་གང་ལེགས་བཏོན་ནས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གཏིང་ཟབ་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་དང་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཚོང་དོན་ཤར་གཏོང་ཐུབ་པར་འགན་ལེན་བྱེད་དགོས། ཚོང་དོན་དང་མ་འཇོག་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་5Gདང་། མི་ཐབས་རིག་ནུས། ནུས་རྒྱུ་གཙང་མ། གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཐོན་ལས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་ཏན་ཏིག་བྱས་ནས་དཔལ་འབྱོར་གོ་ལ་ཅན་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་མཉམ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

    ཕྱོགས་གཉིས་པོས་མི་ཆོས་རིག་གནས་ཀྱི་མཉམ་ལས་གཏིང་ཟབ་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་དགོས་ཤིང་། ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བ་དང“ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མི་ཆོས་རིག་གནས་སྤེལ་རེས་ལོའི”བྱེད་སྒོ་རབ་དང་རིམ་པ་ཡག་པོ་གཉེར་ནས་ཀྲུང་གོ་དང་ཝེ་ཐེ་ནམ་མཛའ་མཐུན་གྱི་གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་དགོས་པ་མ་ཟད། རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་གཏམ་རྒྱུད་ཀྱང་ཡག་པོ་ཤོད་དགོས། དམངས་སེམས་ཐོབ་པ་དང་། དམངས་འདུན་སྒྲུབ་པ། དམངས་འཚོར་ཕན་པ་བཅས་ཀྱི་རྣམ་གྲངས་དེ་བས་མང་བ་ལག་བསྟར་བྱེད་དགོས།

    ཧྥན་མིང་ཀྲེང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བ་དེ་ད་ལོའི་རྒྱལ་ཁབ་གཉིས་པོའི་མཐོ་རིམ་འགྲོ་འོང་གལ་ཆེ་ཤོས་ཤིག་དང་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བའི་ཁྲོད་ཀྱི་དོན་ཆེན་དང་དགའ་འོས་པའི་བྱ་བ་ཞིག་ཡིན་ཞིང་། དེར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པས་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྣེ་ཁྲིད་ཐུབ་ནས་ཕྱོགས་གཉིས་པོའི་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་ངེས་རེད།

    ཧྥན་མིང་ཀྲེང་གིས་གསུངས་དོན། 2023ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་དུ་འཚམས་འདྲི་གནང་བ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་འཕེལ་རྒྱས་གལ་ཆེན་བྱུང་བ། མི་དམངས་ཀྱི་མཛའ་གྲོགས་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཝེ་ཐེ་ནམ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བློ་ཐག་གཙང་བཅད་ཀྱིས་སྐུལ་འདེད་བརྟན་པོ་གཏོང་གི་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་མ་ཟད། ཀྲུང་གོ་རྒྱུན་མཐུད་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་རྒྱབ་སྐྱོར་ཡང་བྱ་རྒྱུ་མ་ཟད། རེ་བར་ཀྲུང་གོའི་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སློབ་སྦྱོང་དང་། ཀྲུང་གོའི་རང་ཚུགས་རང་དར་གྱི་སྙིང་སྟོབས་སློབ་སྦྱོང་། ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་རྣམ་པ་སློབ་སྦྱོང་བཅས་བྱ་རྒྱུ་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་མ་འཇོག་དང་། མཉམ་སྦྲེལ་མཉམ་མཐུད། ཚན་རྩལ། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་གྱི་གསོན་ཤུགས་དང་འཕར་བའི་སྒུལ་ཤུགས་ཆེ་རུ་བཏང་ནས་ཉེན་ཁ་དང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། “ཝེ་ཐེ་ནམ་དང་ཀྲུང་གོའི་མི་ཆོས་རིག་གནས་སྤེལ་རེས་ལོའི”བྱེད་སྒོ་ཡག་པོ་གཉེར་ཏེ་མི་སྣ་འགྲོ་འོང་དང་ས་གནས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་སྒྲུབ་རིང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་འོག་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་ལམ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།