ནག་ཆུ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ཡག་པོ་བྱས་པ།
ནག་ཆུ་གྲོང་ཁྱེར་གྱི་རྫོང་དང་ཤང་ཁག་གི་ནགས་སྲུང་བ་ཚོས་ཉིན་ལྟར་ཞོགས་པ་སྔ་པོ་ནས་མངོན་གསལ་དོད་པའི་སྟོད་གོས་སེར་པོ་གྱོན་ནས་ཉིན་གཅིག་གི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་སྐོར་ཞིབ་ལས་དོན་སྤེལ་འགོ་ཚུགས་ཤིང་། ཉེ་ཆར་གནམ་གཤིས་དྲོ་རུ་དང་ལྷགས་པ་ཆེ་རུ་སོང་བ་དང་བསྟུན་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ལས་དོན་ཡང་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་མི་ཐོན་སྔོན་འགོག་དང་བཀག་འགོག་ནུས་ལྡན་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱིས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་བྱེད་ཐབས་སྣ་ཚོགས་སྤྱད་ནས་ནུས་ཤུགས་ཡོད་རྒུས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གིས་སྐྱེ་ཁམས་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱས་ཡོད།
འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། མེ་སྐྱོན་སྔོན་འགོག་གི་དུས་ཚིགས་ཤར་ཚུན། ནག་ཆུ་གྲོང་ཁྱེར་གྱིས་ནགས་ཁུལ་དང་རྩྭ་ཐང་མཐའ་འཁོར་གྱི་གྲོང་མི་སྡོད་ཁུལ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། ཨར་ལས་བྱ་ཡུལ་སོགས་གཙོ་གནད་ས་ཁོངས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་ཏེ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གནད་སྨིན་གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དུས་བཀག་ནང་བཅོས་སྒྲིག་བྱས་པ་རེད།
དངོས་འཐབ་ནང་སྦྱོང་བྱས་ཤིང་། ནག་ཆུ་གྲོང་ཁྱེར་གྱིས་དཔུང་ཁག་གི་མེ་གསོད་རྩལ་ནུས་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་ཧུར་ཐག་བཏང་ནས། མེ་སྐྱོན་སྔོན་འགོག་གི་དུས་ཚིགས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་སྐྱོན་སེལ་བའི་དངོས་འཐབ་ནང་སྦྱོང་ཁྱོན་ཐེངས་12སྤེལ་བ་དང་དེའི་ནང་ཞུགས་མཁན་མི་ཐེངས་1321ཟིན་ཡོད། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་སྐྱོན་སེལ་བའི་བཀོད་འདོམས་པུའུ་གཞུང་ལས་ཁང་གི་ལས་དོན་མི་སྣ་དང་དེ་བཞིན་མེ་ཟོན་རོགས་སྐྱོབ་མི་སྣ་སྒྲིག་འཛུགས་ཀྱིས་མི་མེད་གནམ་གྲུ་གཏོང་སྟངས་གསོ་སྦྱོང་བྱས་ཤིང་། མིག་སྔའི་བར་མི་མེད་གནམ་གྲུ་གཏོང་ཆོག་པའི་ལག་ཁྱེར་ཡོད་མཁན་རྫོང་དང་ཆུས་11ལ་ཁྱབ་པ་དང་མི་གྲངས་30ལྷག་ཙམ་ཟིན་ཡོད།
རྨང་གཞིའི་སྒྲིག་བཀོད་སྟོབས་ཆེར་བཏང་ཞིང་། ནག་ཆུ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་240ལྷག་ཙམ་བཏང་ནས་ནགས་ཁུལ་དང་། རྩྭ་ཐང་གི་འགྲོ་ལམ། ཞིབ་བཤེར་ས་ཚིགས། དངོས་ཟོག་གྲབས་གསོག་མཛོད། མེ་སྐྱོན་སྔོན་འགོག་རྒྱང་ལྟའི་མཐོ་ལྕོག་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་ཡོད། ནགས་ཚལ་དང་རྩྭ་ཐང་གི་མེ་ཉེན་ཤེས་ཚོར་མ་ལག་རྣམ་གྲངས་འཛུགས་སྐྲུན་ལས་དོན་དོན་འཁྱོལ་ཧུར་ཐག་བྱས་ནས། རྣམ་གྲངས་དེ་ལྷ་རི་རྫོང་དང་སོག་རྫོང་སོགས་སུ་ཁྱབ་པར་བྱས་ཏེ་རྩྭ་ཐང་གི་མེ་ཉེན་རྐྱེན་ཆའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ས་ཚིགས་12དང་དེ་བཞིན་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ལ་རིག་ནུས་བརྙན་ལམ་གྱིས་ལྟ་སྐུལ་ཚོད་འཛིན་བྱེད་པའི་སྒྲིག་ཆས་3བཀོད་སྒྲིག་བྱས་ཡོད།
ཚན་རྩལ་གྱི་ནུས་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ཞིང་། མི་མེད་གནམ་གྲུ་དང་བརྙན་ལམ་གྱི་ལྟ་སྐུལ་ཚོད་འཛིན་སོགས་ཀྱི་ལག་རྩལ་དང་བྱ་ཐབས་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནས་ཚུལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་གི་ཡོད། ནག་ཆུ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་500ལྷག་ཙམ་བཏང་ནས་སྔོན་ཐོན་གྱི་མེ་གསོད་འཕྲུལ་ཆས་དང་། འཕྲིན་གཏོང་སྒྲིག་ཆས། འགོག་སྲུང་སྒྲིག་ཆས་སོགས་སྒྲིག་སྦྱོར་བྱས་ནས་མེ་གསོད་སྒྲིག་ཆས་ཀྱི་ནུས་པ་ཆེ་རུ་བཏང་ཡོད།